༄༅། །འདོད་ལྷ་སྣ་ཚོགས་ཀྱི་བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་བཞུགས་ [001A] །ས་ཕྱོགས་འདི་ཡི་རི་དང་ཀླུང་ལ་སོགས། །ཐམས་ཅད་ལག་མཐིལ་ལྟར་མཉམ་རྒྱན་གྱིས་མཛེས། །རིན་ཆེན་དུ་མས་སྤྲས་པའི་ཁྲི་སྟེང་དུ། །པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་ཁར་ ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །ཐར་པའི་ལམ་ལ་འགོད་མཛད་འཕགས་པ་ཆེ། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།། ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །བྷ་ར་དཧྭ་ཛ་བསོད་སྙོམས་ལེན་དང་ནི། །གསེར་གྱི་བེའུ་བྷ་ར་དཧྭ་ཛ་དང། །ལམ་པ་སྒྲ་གཅན་འཛིན་དང་ཀླུ་ཡི་སྡེ། །ཟུར་གྱིས་ཤེས་དང་ནགས་གནས་མ་ ཕམ་པ། །མི་ཕྱེད་ཤིང་ཤུན་ཅན་དང་བཟང་པོ་སྟེ། །ནག་པོ་བད་སའི་བུ་དང་བ་ལང་སྐྱོང། །གཙུག་གི་ལམ་པ་ཀུན་ཏུ་དགྲ་བཅོམ་པ། །ཚེ་ཡི་རིག་འཛིན་ཐོབ་རྣམས་གནས་འདིར་གཤེགས། །བདག་གིས་ [002A]༄༅། །ཀུན་བཟང་མཆོད་སྤྲིན་རྒྱ་ཆེན་པོ། །ཐུབ་པ་མཆོག་དང་གནས་བརྟན་བཅུ་དྲུག་ལ། །གུས་པས་འབུལ་གྱི་བཞེས་ལ་བྱིན་གྱིས་རློབ། ༈ །མཚུངས་མེད་བལྟ་བས་མི་ངོམས་ཤིང། །གསེར་ གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་གཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང། །བསྟན་པ་རྒྱས་པར་བྱིན་གྱིས་རློབ། ་ཤར་ གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དཧྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང། །བསྟན་པ་རྒྱས་པར་འགྱུར་ བ་དང། །ཡུལ་འདིར་ཕུན་ཚོགས་ལོ་ལེགས་ཤིང། །ནད་ཡམས་འཁྲུག་པ་ཞི་བ་སོགས། །དགེ་ལེགས་འབྱུང་བའི་འཕྲིན་ལས་མཛོད། ་གནས་མཆོག་ཁ་ཆེའི་ཡུལ་ན་ནི། །འཕགས་པ་གནས་བརྟན་ གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང། །བསྟན་པ་རྒྱས་པར། །ཡུལ་འདིར་། །ནད་ཡམས་། །དགེ་ལེགས། ་ནུབ་ཀྱི་བ་ལང་སྤྱོད་ [002B] །བྷ་ར་དཧྭ་ཛ་གསེར་ཅན་མཆོག་དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང། ། ། ་ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པ་གནས་བརྟན་ལམ་ ཕྲན་བརྟན། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཆོས་འཆད་མཉམ་གཞག་མཛད་ཕྱག་འཚལ། །བླ་མའི་། ་པྲི་ཡངྐུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར།། རིན་ཆེན་ཕྲོག་ཞུ་འཛིན་ཕྱག་འཚལ། ། ་རི་ཡི་རྒྱལ་པོ་ངོས་ཡངས་ལ། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་བདུན་བརྒྱས་བསྐོར། །བུམ་པ་འཁར་གསིལ་འཛིན་ཕྱག་འཚལ། ། ་གངས་རི་ཆེན་ པོ་ཏི་སེ་ལ། །འཕགས་པ་གནས་བརྟན་ཟུར་གྱིས་ཤེས། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། ། ་ལོ་མ་བདུན་པའི་རི་ཕུག་ན། །ཕགས་པ་གནས་བརྟན་ནགས་ན་གནས། །དགྲ་བཅོམ་ སྟོང་དང་ཉིས་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། ། ་ཨུ་ཤི་ར་ཡི་དོགས་ནགས་ན། །འཕགས་པ་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ ཕྱག་འཚལ། ། ་གངས་ཅན་རི་ཡི་རྒྱལ་པོ་ལ། །འཕགས་པ་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བྱང་ཆུབ་མཆོད་རྟེན་འཛིན་ཕྱག་འཚལ། ། ་བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་ [003A]༄༅། །གནས་བརྟན་ཤིང་ཤུན་ཅན། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། ། ་ཆུ་བོ་ཡ་མུ་ནའི་གླིང་ན། །འཕགས་པ་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་ཆེན་པོ་ ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་གཞག་མཛད་ཕྱག་འཚལ། ། ་འཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པ་གནས་བརྟན་ཀཱ་ལི་ཀ། །དགྲ་བཅོམ་ཆེན་པོ་སུམ་བརྒྱས་བསྐོར། །གསེར་གྱི་རྣ་སྐོར་འཛིན་ཕྱག་འཚལ། ་ ། ་སིངྒྷ་ལ་ཡི་གླིང་ན་ནི། །གནས་བརྟན་བས་ས་ལི་ཡི་བུ། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། ། ་རི་ཡི་རྒྱལ་པོ་བི་ཧུ་ལར། ། འཕགས་པ་གནས་བརྟན་བ་ལང་སྐྱོང། ། དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། ། ་བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟན་གཙུག་ལམ་པ། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་ མཛད་ཕྱག་འཚལ། ། ་འཕགས་པ་དགེ་བསྙེན་དྷ་རྨཱ་ཏ། །རལ་པའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་ན་བཞུགས། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། ་ཡུལ་འཁོར་བསྲུང་དང་འཕགས་སྐྱེས་ པོ༑ ༑སྤྱན་མི་བཟང་དང་རྣམ་ཐོས་སྲས། །ཡབ་ཡུམ་སྲས་དང་གཡོག་བཅས་ལ། །ཕྱག་འཚལ་བསྟོད་དེ་མཆོད་པ་འབུལ། །བླ་མའི་སྐུ་ཚེ་བརྟན་པ་དང། །བསྟན་པ་རྒྱས་པར་འགྱུར་བ་དང། །ཡུལ་འདིར་ཕུན་ཚོགས་ལོ་ལེགས་ཤིང། །ནད་ [003B] །དགེ་ལེགས་འབྱུང་བའི་འཕྲིན་ལས་མཛོད། །ཐུབ་པ་མཆོག་དང་གནས་བརྟན་བཅུ་དྲུག་ལ། །བདག་གིས་གུས་པས་མཆོད་པ་རྒྱ་ཆེར་འབུལ། །དགྱེས་ཤིང་བཞེས་ནས་བདག་དང་སེམས་ཅན་རྣམས། །ཚེ་རིང་ནད་ མེད་དམ་ཆོས་འཕེལ་བ་དང། །ཚུལ་བཞིན་བསྒྲུབ་པའི་གྲོགས་རྣམས་ཞབས་བརྟན་སོགས། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། ཅེས་བསྟོན་པ་རིན་པོ་ཆེའི་རྒྱལ་ཚབ་འཕགས་པའི་བརྟན་བཅུ་དྲུག་ལ་མཆོད་ཅིང་གསོལ་བ་འདེབས་པ་རྫོགས་སོ།། མངྒ་ལཾ།། ༈ ༈ རྒྱལ་བ་ཐམས་ཅད་ ཀྱི་སྙིང་རྗེའི་རང་གཟུགས་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་གྱི་ཆུ་མཚོ་ལས་ལེགས་པར་འཐོན་པ་བཅོམ་ལྡན་འདས་ལྷ་གཅིག་པད་དཀར་འཆང་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གདུང་བའི་དབྱངས་ཀྱི་སྒོ་ནས་ གསོལ་བ་འདེབས་ཤིང་ཡང་དག་པའི་དོན་རྣམས་ལ་སྨོན་པར་བྱེད་པ་ཐུགས་རྗེ་རབ་ཏུ་བསྐུལ་བའི་གླུ་དབྱངས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་ལ་ཕྱག་འཚལ་ལོ། །ཀཻ་ལ་ཤ་ཡི་རི་བོ་ཟླ་འོད་འབུམ། །རྣམ་པར་རྒྱས་པའི་མཁྱུང་ མོས་བཅིངས་འདྲ་བའི། །སྐུ་ཡི་མཆོད་སྡོང་མཚན་དཔེའི་འདི་ཚོགས་ཀྱིས། །རབ་སྤྲས་པད་དཀར་འཛིན་ལ་ཕྱག་འཆལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་དང་བརྩེ་བ་ཡི། །རང་གཟུགས་ལྷ་ཡི་རྣམ་པར་ཤར་བ་ཁྱོད། །སྡུག་བསྔལ་འཁོར་བའི་རྒྱ་ [004A]༄༅། །མཚོར་བྱིང་བའི་ཚོགས། །སྒྲོལ་བའི་ཁུར་ཆེན་འཛིན་པ་མ་ཡིན་ནམ། །དེ་ལྟར་དམ་བཅའ་བརྟན་པའི་ལྷ་ཁྱོད་ཀྱིས། །ཅུང་ཟད་ཙམ་ཡང་གཡེལ་བ་མ་ཡིན་མོད། །འོན་ཀྱང་བདག་ཅག་ཉོན་མོངས་མེས་གདུངས་པས། །རྩེ་ གཅིག་གསོལ་བ་འདེབས་པ་འདི་དགོངས་ཤིག་སྔོན་ཆད་མ་རིག་ལྕགས་ཀྱི་སྦུབས་སུ་ཆུད། །དེ་ལྟའི་དབང་གིས་དུག་གསུམ་ཆེར་འཕེལ་བས། ། ཡུན་རིང་བཟོད་དཀའི་སྡུག་བསྔལ་སྣ་ཚོགས་ཀྱིས། །དན་འགྲོའི་གནས་སུ་གཙེས་ལས་སྐྱོབ་ ཏུ་གསོལ། །དམྱལ་དང་ཡི་དྭགས་དུད་འགྲོ་ལྷ་མིན་སོགས། །ལོག་པར་བལྟ་བས་བསྲེག་བཀྲེས་ཕན་ཚུན་བཟའ། །འཐབ་དང་རྩོད་སོགས་མྱ་ངན་དཔག་མེད་ཀྱིས། །རབ་ཏུ་གཟིར་བདག་ལས་སྐྱོབ་ཏུ་གསོལ། །ལས་ཉོན་ཤུགས་དྲག་སྟོབས་ ལྡན་ཆུ་བོ་ཡིས། །བར་མ་ཆད་པར་ཁྱེར་ཞིང་རིང་དུ་འཁྱམས། །མནར་མེད་ལ་སོགས་སྡུག་བསྔལ་ཆུ་སྲིན་གྱིས། །ཉམས་ཉེས་གྱུར་པ་འདི་ལས་སྐྱོབ་ཏུ་གསོལ། །རྗེ་བཙུན་ཐུགས་རྗེའི་ཕྱག་རིང་ལེགས་བརྐྱངས་ཏེ། །ངན་སོང་མི་བཟད་སྡུག་ བསྔལ་འདམ་རྫབ་ཅན། །ཐར་མེད་གནས་སུ་ལྷུང་བའི་ལུས་ཅན་ཚོགས། །དེ་ལས་ཕྱུངས་ནས་ལམ་བཟང་ལ་འགོད་མཛོད། །དེང་ནས་ཚེ་རབས་ཀུན་ཏུ་བཅོམ་ལྡན་འདས། །ཐུགས་རྗེའི་གཏེར་ཆེན་ཁྱོད་ཀྱི་ཞབས་པདྨོ། །བསྟེན་དང་སྐད་ ཅིག་ཙམ་ཡང་མི་འབྲལ་ཞིང། །ཡེ་ཤེས་སྣང་བ་མཆོག་ཏུ་རྒྱས་པར་ཤོག་དེ་ཡི་མཐུ་ལས་རྫུ་འཕྲུལ་མངོན་ཤེས་དང། །གཟུངས་སྤོབས་ཏིང་འཛིན་ཤེས་རབ་བགྲང་ཡས་པ། །བསམ་གྱིས་མི་ཁྱབ་རྒྱུད་ལ་རབ་སྐྱེས་ནས། །ནམ་མཁའི་ [004B]མིག་དང་རྣ་བ་ལ་སོགས་དབང་པོ་ཡི། །མངོན་པར་ཤེས་པ་རྣམས་ལ་དབང་འབྱོར་ཞིང། །ཡུལ་སྣང་ཀུན་གྱི་གནས་ལ་ཐོགས་མེད་པར། །རབ་དཔྱད་ཆོས་ཚུལ་རྒྱ་མཚོར་མངའ་འབྱོར་ཤོག་མིག་ འཛུམ་ཙམ་གྱི་ཡུན་ཚད་རེ་རེར་ཡང། །དཔག་ཡས་ཞིང་ཁམས་རྣམས་སུ་ལེགས་ཕྱིན་ཅིང། །བདེ་བར་གཤེགས་པའི་ཞལ་མཐོང་ཆོས་ཐོས་ནས། །དགའ་བདེའི་དཔལ་གྱིས་ཡིད་རབ་ཚིམ་པར་ཤོག་དེ་ལྟར་མགོན་པོ་ཁྱོད་ཀྱི་བཀའ་ དྲིན་ལས། །ལེགས་ཚོགས་ཡོན་ཏན་ཐམས་ཅད་ཁོངས་ཆུད་ཅིང། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཀུན་བཅོམས་ཏེ། །མཐར་ཐུག་གོ་འཕང་མཆོག་དེ་འགྲུབ་པར་ཤོག་དེ་ལྟའི་གོ་འཕང་མཆོག་དེ་མ་ཐོབ་བར། །གསང་བའི་བདག་པོ་ལག་ན་ རྡོ་རྗེ་སོགས། །མཐུ་སྟོབས་ལྡན་པ་ཀུན་གྱིས་ཉིན་མཚན་དུ། །གཡེལ་བ་མེད་པར་བསྲུང་ཞིང་སྐྱོབ་པར་ཤོག། ཅེས་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་གྱི་ཆུ་མཚོ་ལས་ལེགས་པར་འཐོན་པ་བཅོམ་ལྡན་ འདས་ལྷ་གཅིག་པད་དཀར་འཆང་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གདུང་བའི་དབྱངས་ཀྱི་སྒོ་ནས་གསོལ་བ་འདེབས་ཤིང་ཡང་དག་པའི་དོན་རྣམས་ལ་སྨོན་པར་བྱེད་པ་ཐུགས་རྗེ་རྣམ་པར་བསྐུལ་བའི་གླུ་དབྱངས་ཞེས་བྱ་བ་འདི་ནི་ཡོངས་རྫོགས་བསྟན་པའི་གསལ་བྱེད་དམ་པར་གྱུར་ པ་ཀུན་ཏིང་ཕུའུ་ཤན་ཀྭང་ཚི་ཏཱཀཽ་ཤྲཱི་ལྕང་སྐྱ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་འདི་ལྟ་བུ་ཞིག་དགོས་ཞེས་བཀས་ཉེ་བར་བསྐུལ་བ་ལ་བརྟེན་ནས་་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ ཕྱག་ཆེན་གསོལ་འདེབས་ཀྱི་ཐམས་ཅད་ [005A]༄༅། །མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་གསོལ་འདེབས་ཀྱི་མཇུག་ཏུ། གནས་དབེན་པའི་རི་སུལ་ཁྱད་འཕགས་པར། །སྣང་བ་ཀུན་སྒྱུ་མ་ལྟར་གཟིགས་ཏེ། །བློ་བཟང་གྲགས་བསྟན་ལ་ཆེར་དགོངས་པ། ཕྱོགས་ལས་ རྣམ་རྒྱལ་ལ་གསོལ་བ་འདེབས། །རྒྱུད་བདག་འཛིན་འཁྲི་བ་སོགས། དེའི་གསུང་ལས་དོན་འདི་ཆེར་དགོངས་པས། །ཟུང་འཇུག་ཕྱག་ཆེན་གྱི་ལམ་བཟང་མཆོག་ཡང་དག་པར་ཐུགས་ཀྱིས་ལེགས་རྟོགས་པ། །ཡེ་ཤེས་མཚན་ལྡན་ལ་གསོལ་ བ་འདེབས། ་རྗེ་བླ་མའི་བཀའ་སྲོལ་མཐར་ཐུག་པ། །སྔོན་གཞན་གྱིས་མ་མྱངས་ཟབ་མོའི་གནད། །ཕྱོགས་ཀུན་ཏུ་ཉི་ལྟར་གསལ་མཛད་པ། །དཔལ་དག་དབང་བྱམས་པར་གསོལ་བ་འདེབས། ་ཚུལ་འདི་དང་གསང་སྔགས་བླ་མེད་ཀྱི། ། བདེ་ཆེན་པོ་ཆུ་ལ་ཆུ་བཞག་བཞིན། ། མཐར་ཕྱིན་པར་མངོན་དུ་མཛད་གྱུར་པ། །བློ་བཟང་དཔལ་ལྡན་ཡེ་ཤེས་ལ་གསོལ་བ་འདེབས། །རྒྱུད་སོགས་བྱ་ཞིང་གཞན་པཎ་ཆེན་གོང་མ་རྣམས་ཀྱི་གསུང་བཞིན་ནོ།། ཞེས་པ་འདི་ནི་མགོན་ཁང་དབུ་མཛད་ དཀའ་བཅུ་ཞབས་དྲུང་བློ་བཟང་དཔལ་འབྱོར་གྱིས་བླ་མ་མཆོད་པའི་སྐབས་འདོན་རྒྱུར་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པའི་གསུང་ངག་ཉམས་སུ་མྱོང་བའི་བཀའ་དྲིན་ལས་ལམ་འདི་དང། སྔགས་ཀྱི་ཟབ་གནོད་རྣམས་རྩེ་གཅིག་ཏུ་བསྒྲུབ་པའི་དགེ་སློང་སྤོང་བ་པ་བློ་ བཟང་དཔལ་ལྡན་ཡེ་ཤེས་ཀྱིས་བགྱིས་པའོ།། ༈ ཤཱཀྱའི་རྒྱལ་པོ་དང་གནས་བརྟན་བཅུ་དྲུག་དང་རྒྱལ་ཆེན་བཞི་སོགས་ནམ་མཁར་དམིགས་ནས། དེ་རྣམས་ལ་ཕྱག་འཚལ་བར་མོས་ཤིང། ཁྱོད་ [005B] ཚ་ཚའི་སྐབས། སྡིག་ལྟུང་རྣམས་བྱང་བའི་ཕྱིར་ བདག་གིས་ཚ་ཚ་བཞེང་སྙམ་པ་བྱ། མཇུག་ཏུ་རྫོགས་བྱང་གི་རྒྱུར་འགྱུར་བའི་བསྔོ་སྨོན་གྱི་རྒྱས་འདེབས་ཀྱང་བྱ། ཞེས་པ་འདི་ནི་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་ཕྱག་འཚལ་ཚུལ་དང་ཚ་ཚ་འདེབས་སྐབས་དམིགས་པ་བྱེད་ལུགས་བཅས་མདོར་ བསྡུས་པ་ཞིག་དགོས་ཞེས་སྲད་རིན་ཆེན་རྩེའི་རྫོང་དཔོན་ཚངས་དཔལ་གྱིས་བསྐུལ་བ་བཞིན་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་བཀོད་པའོ།། ༈ སླར་ཡང་དེ་ཡི་གནས་མཆོག་ན། །སངས་རྒྱས་ ཡེ་ཤེས་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །བཀྲ་ཤིས་ལྷུན་གྲུབ་ཕོ་བྲང་ན། །ཆོས་ཀྱི་རྒྱལ་མཚན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །དམ་པ་ཆོས་ཀྱི་བྲག་ཕུག་ན། ། བརྩོན་འགྲུས་རྒྱལ་མཚན་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །རང་བཞིན་ལྷུན་གྲུབ་གཞལ་ཡས་ན། །སངས་རྒྱས་རྡོ་རྗེ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །སེར་ རྩེ་ཡི་སྒྲུབ་ཁང་ན། །དགེ་ལེགས་རྒྱ་མཚོ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས། །ཕུར་བུ་ལྕོག་གི་ཕོ་བྲང་ན། །ངག་དབང་བྱམས་པ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས་ [006A]༄༅། །བཀའ་གདམས་ཕོ་བྲང་གཞལ་ཡས་ན། །རྩ་བའི་བླ་མ་བྱིན་རླབས་ཅན། །བྱིན་རླབས་ཅན་ལ་གསོལ་བ་འདེབས།། ཞེས་བྱའོ། ཞེས་པ་འདི་ནི་རང་གི་སློབ་མ་གཅོད་ཀྱི་ཉམས་ལེན་དོན་དུ་གཉེར་བ་འགའ་ཞིག་གིས་བསྐུལ་ བ་ལྟར་་བདག་མེད་པའི་རྣལ་འབྱོར་སྤྱོད་པ་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་བགྱིས་པའོ།། ༈ ༈ དག་པའི་ཞིང་མཆོག་འོག་མིན་སར་སྤྱོད་པ། །དཔལ་ལྡན་ཤམྦྷ་ལ་ཡི་ཡུལ་མཆོག་ཏུ། །འགྲོ་བ་རྣམས་ཀྱི་འདྲེན་པ་མཆོག་གྱུར་པའི། །རྡོ་རྗེའི་རིགས་ལྡན་རྣམས་ལ་གུས་པས་ འདུད། །རིགས་ལྡན་ཀུན་གྱི་ཐོག་མ་འཇམ་དཔལ་དབྱངས། །འཁོར་ལོས་བསྒྱུར་བའི་ཟོལ་འཆང་གྲགས་པའི་དཔལ། །རབ་མངའ་ཆོས་འཆད་ཨུཏྤལ་གླེགས་རལ་འཛིན། །འཇམ་དཔལ་གྲགས་པའི་ཞབས་ལ་གསོལ་བ་ འདེབས། །དེ་ཡི་སྲས་མཆོག་སྤྱན་རས་གཟིགས་སྤྲུལ་པ། །ཕྱག་གཡས་མཆོག་སྦྱིན་ཤེལ་འཕྲེང་གཡོན་པད་དཀར། །འཛིན་ཅིང་འགྲོ་ཀུན་འཁོར་བ་ལས་སྒྲོལ་བ། །པདྨ་དཀར་པོའི་ཞབས་ལ་གསོལ་བ་འདེབས། །གཤིན་རྗེ་གཤེད་པོ་མི་ཡི་ གཟུགས་འཆང་བ། །བཟང་པོའི་མཚན་ཅན་ཕྱག་གཡས་འཁོར་ལོ་དང། །གཡོན་པ་དུང་འཛིན་ལྷ་ཡི་དཔལ་འབྱོར་ཅན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །ས་སྙིང་སྤྲུལ་པ་རྣམ་རྒྱལ་ཕྱག་གཡས་ན། །ལྕགས་ཀྱུ་འཛིན་ [006B] །འགྲོ་བ་རྣམས་ལ་དབུགས་དབྱུང་སྦྱིན་མཛད་པ། །མགོན་པོ་ཁྱོད་ལ་བདག་ནི་གསོལ་བ་འདེབས། །རྨུགས་བྱེད་ས་སྐྱོང་གཟུགས་འཛིན་བཤེས་གཉེན་བཟང། །མདའ་དང་གཞུ་འཛིན་སྙིང་རྗེའི་བདག་ཉིད་ཅན།། ལུས་ཅན་ཀུན་ལ་ལམ་བཟང་སྦྱིན་མཛད་པ། །སྟོང་གཟུགས་སྐུ་བརྙེས་ཁྱོད་ལ་གསོལ་བ་འདེབས། །སྒྲིབ་སེལ་སྤྲུལ་པ་ཕྱག་དམར་ཞེས་གྲགས་པ། །རྡོ་རྗེ་དྲིལ་བུ་འཛིན་ཅིང་རྣམ་པར་འགྱིང། །མཐའ་དག་འགྲོ་ལ་བདེ་སྐྱིད་སྩོལ་བ་པོ། །ཆོས་ཀྱི་ རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །ཁེང་བྱེད་ས་སྐྱོང་ཚུལ་འཛིན་ཁྱབ་འཇུག་སྦས། །ཕྱག་གཡས་རྩེ་གསུམ་གཡོན་པ་འཕྲེང་བ་འཛིན། །སྟོང་གཟུགས་ཕྱག་རྒྱའི་ཟློས་གར་རབ་བསྒྱུར་བ། །འཁོར་ལོས་བསྒྱུར་བའི་ཞབས་ལ་གསོལ་བ་ འདེབས། །ནམ་སྙིང་སྤྲུལ་པ་ཉི་མ་གྲགས་པ་ཞེས། །རབ་གྲགས་ཕྱག་གཡས་རལ་གྲི་གཡོན་ན་ཕུབ། །ལེགས་འཛིན་གདུག་པའི་ཚོགས་རྣམས་སྐྲག་བྱེད་པ། །ཆོས་ཀྱི་རྒྱལ་པོ་ཁྱོད་ལ་གསོལ་བ་འདེབས། །བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་ པོ་ཆེ། །སྔོ་མདངས་ཁྲོས་པའི་ཉམས་ཅན་གྲི་ཕུབ་འཛིན། །མ་རུངས་ལོག་འདྲེན་མཐའ་དག་འཇོམས་མཛད་པ། །ས་སྐྱོང་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ཕྱག་རྡོར་མི་དབང་ཚུལ་གྱིས་ཤྨྦྷ་ལར། །རབ་རོལ་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཆེ།། ཕྱག་གཡས་དགྲ་སྟ་གཡོན་པ་ཚངས་མགོ་འཛིན། །སྟོང་གཟུགས་རྣམ་པར་རོལ་ལ་གསོལ་བ་འདེབས། །གཤིན་རྗེ་མཐར་བྱེད་རྒྱལ་པོའི་རྣམ་རོལ་ཅན། །རྒྱལ་དཀའ་ཕྱག་གཉིས་དབྱུག་པ་ལྕགས་སྒྲོག་འཛིན། །སྟོང་གཟུགས་ཕྱག་རྒྱའི་རོལ་ [007A]༄༅། །པས་དུས་འདའ་བ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །རིགས་ལྡན་ཉི་མ་ཕྱག་གཡས་ལྕགས་ཀྱུ་དང། །གཡོན་པ་ཞགས་པ་དཀུལ་རབ་བརྟེན་ཅིང། །གཡོན་བརྐྱངས་གཡས་བསྐུམས་གཟི་བརྗིད་ཆེར་རྒྱས་པ། ། ས་སྙིང་རྣམ་པར་རོལ་ལ་གསོལ་བ་འདེབས། །རྨུགས་བྱེད་ས་སྐྱོང་བཀོད་པས་ཡོངས་རོལ་པ། །རིགས་ལྡན་སྣ་ཚོགས་གཟུགས་ནི་ལྕགས་ཀྱུ་དང། །ཞགས་པ་རབ་འཛིན་གྲགས་པའི་དཔལ་མངའ་བ། །ས་སྐྱོང་དམ་པའི་ཞབས་ལ་གསོལ་བ་འདེབས། ། སྒྲིབ་པ་རྣམ་སེལ་ཟླ་བའི་འོད་འཆང་བ། །ཕྱག་གཉིས་ཆོས་འཆད་པདྨ་ཨུཏྤལ་སྟེང། །འཁོར་ལོ་དུང་འཛིན་ཐུགས་རྗེའི་གཏེར་ཆེན་པོ། །འགྲོ་ལ་དབུགས་དབྱུང་སྦྱིན་ལ་གསོལ་བ་འདེབས། །ཁེང་བྱེད་རྒྱལ་པོའི་ཟོལ་འཆང་མཐའ་ཡས་ཆེ། ། ཕྱག་གཡས་མཆོག་སྦྱིན་ཐོ་བ་གཡོན་པད་དཀར། །ལེགས་འཛིན་སེམས་ཅན་རྣམས་ལ་བདེ་ལེགས་ཚོགས། །ལེགས་སྦྱིན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །ནམ་སྙིང་མི་ཡི་ཚུལ་འཆང་ས་སྐྱོང་ཞེས། །ཡོངས་གྲགས་མཉམ་གཞག་གྲི་གུག་ ཐོད་པས་མཚན། །ནག་པོའི་ཕྱོགས་ཀུན་འཇོམས་ལ་ཐོགས་མེད་པ། །རིགས་ལྡན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །བགེགས་དགྲ་རིགས་ལྡན་རྣམ་རོལ་དཔལ་སྐྱོང་ཆེ། །ཕྱག་གཡས་རྩེ་གསུམ་གཡོན་པ་ཁ་ཊཱཾ་འཛིན། །མ་ལུས་འགྲོ་བ་ ཀུན་གྱི་སྐྱབས་གཅིག་པུ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །ཕྱག་རྡོར་སྤྲུལ་པ་སེངྒེའི་ཕྱག་གཡས་པས། །རྡོ་རྗེ་དཀུར་བརྟེན་གཡོན་པ་དྲིལ་བུས་བརྒྱན། །རྣམ་རྟོག་ཐ་མལ་ལུས་ཀུན་ཡོངས་ཟད་པ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་ [007B] །གཤིན་རྗེ་གཤེད་སྤྲུལ་རྣམ་གནོན་གཡས་པ་ཡིས། །དབྱུག་པ་འཕྱར་ཞིང་གཡོན་ན་ལྕགས་སྒྲོག་བསྣམས། །མ་རུངས་ཀུན་འཇོམས་འགྲོ་བའི་སྐྱབས་གཅིག་པུ། །རིགས་ལྡན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ས་སྙིང་ སྤྲུལ་པ་རིགས་ལྡན་སྟོབས་པོ་ཆེ། །ཌཱ་མ་རུ་དང་ནོར་བུ་པད་སྟེང་འཛིན། །བྱིན་རླབས་གཟི་འོད་ཕྱོགས་བཅུར་རབ་འཕྲོ་བ། །སྟོང་གཟུགས་སྐུ་ཡིས་རོལ་ལ་གསོལ་བ་འདེབས། །རྨུགས་བྱེད་རྒྱལ་པོའི་སྐུར་བསྟན་མ་འགགས་པ། །ཕྱག་གཡས་ བརྐྱངས་པས་ལྕགས་ཀྱུ་རབ་འཛིན་ཅིང། །གཡོན་པ་རྡོ་རྗེ་ཞགས་འཛིན་གདན་ལ་བརྟེན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །སྒྲིབ་སེལ་མི་ཡི་ཟོལ་འཆང་མིའི་སེངྒེ། །ཕྱག་གཉིས་འཁོར་ལོ་བུས་སྟེང་ཐུགས་ཀར་འཛིན། །འགྱུར་མེད་ བདེ་བའི་ངོ་བོར་རྟག་བཞུགས་པ། །རིགས་ལྡན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དབང་ཕྱུག་ཆེན་པོ་ཕྱག་གཡས་གྲི་གུག་དང། །གཡོན་པ་པདྨོའི་སྟེང་ན་ཐོད་པ་འཛིན། །མཆོག་ཏུ་མི་འགྱུར་བདེ་བས་ཡིད་མྱོས་པ། །ནམ་སྙིང་ས་སྐྱོང་གཟུགས་ འཆང་ཁྱོད་ལ་བསྟོད། །ཕྱག་རྡོར་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་ཆེ། །ཕྱག་གཡས་རྡོ་རྗེ་གཡོན་པ་པད་དཀར་སྟེང། །དྲིལ་བུ་འཛིན་པས་འགྲོ་ཀུན་དབང་དུ་སྡུད། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས།། ༈ ཕྱོགས་རྒྱུན་གཅད་ཕྱིར། །ཀ་ལཱ་པ་ཡི་གྲོང་དུ་རིགས་ལྡན་ཆེ། །དྲག་པོ་འཁོར་ལོ་ཞེས་གྲགས་མདུང་ཐུང་དང། །རྡོ་ཡི་ཕུབ་འཛིན་ཀླ་ཀློ་འཇོམས་ལ་བསྟོད། །མགོན་ཁྱོད་རྡོ་ཡི་རྟ་མཆོག་ལ་ཆིབས་ནས། །ཕྱག་གི་མདུང་ཐུང་བྱིས་པའི་བློ་ཡི་སྙིང། །ཉོན་མོངས་ [008A]༄༅། །བཅས་པ་གཞོམ་ཕྱིར་རབ་བསྣུན་ཚེ། །བདག་ཀྱང་འཁོར་གྱི་ཐོག་མར་རྗེས་སུ་བཟུངས། །ཀླ་ཀློའི་ཚོགས་རྣམས་རྨེག་མེད་དྲུངས་ཕྱུང་སྟེ། །ཆོས་དང་ནོར་དང་འདོད་པའི་བདེ་བ་སོགས། །རྫོགས་ལྡན་བཞིན་མཛད་ཆོས་འཁོར་ བསྐོར་བའི་ཚེ། །བདག་ནི་ངེས་པར་ཁྱོད་ཀྱིས་རྗེས་སུ་བཟུངས། །འདི་ལྟར་བགྱིས་པའི་དགེ་ཚོགས་ཅི་མཆིས་པ། །དེ་ཀུན་བྱང་ཆུབ་སེམས་མཆོག་རྩིས་ཟིན་ནས། །རིང་པོར་མི་ཐོགས་དཔལ་ལྡན་ཤྨྦྷ་ལར། །ལེགས་སྐྱེས་ཆོས་ལ་སྤྱོད་པའི་རྒྱུ་ རུ་བསྔོ། །དེ་དུས་ཁྱོད་གསུང་བདུད་རྩིའི་རོ་མྱངས་པས། །བདག་བློའི་ཉོན་མོངས་མུན་ཚོགས་ཀུན་བསངས་ཏེ། །མི་འགྱུར་བདེ་བ་ཆེ་ལས་མ་གཡོས་བཞིན། །སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་ཤོག་དེ་ཙམ་མ་ཟད་ཚེ་འདིའི་ལུས་ཀྱི་རྟེན། ། འགགས་མ་ཐག་ཏུ་བྱང་ཕྱོགས་ཤམྦྷ་ལར། །ལེགས་སྐྱེས་རིགས་ལྡན་བླ་མའི་གསུང་གི་ཚོགས། །མྱངས་ལས་བདེ་བའི་དཔལ་ལ་རེག་པར་ཤོག། །རྡོ་རྗེ་རིགས་ལྡན་མཐུ་སྟོབས་མཐའ་ཡས་པ། །བཀྲ་ཤིས་གླུ་ལེན་ལྷ་མོའི་ཚོགས་དང་བཅས། ། དགེ་ལེགས་མེ་ཏོག་ཆར་ཆེན་རབ་ཕབ་ནས། །ཕུན་ཚོགས་དཔལ་གྱིས་རོལ་པའི་བཀྲ་ཤིས་ཤོག། ཅེས་བྱང་ཕྱོགས་ཤམྦྷ་ལའི་ཡུལ་གྱི་ཆོས་རྒྱལ་རིགས་ལྡན་རྣམས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་དངོས་གྲུབ་རྣམ་བར་འབྱུང་བའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་ཤཱཀྱའི་ དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ བཅོམ་ལྡན་འདས་མ་ཁམས་གསུམ་དབང་སྡུད་ཀྱི་ལྷ་མོ་རིག་བྱེད་མ་ཀུ་རུ་ཀུལླེ་ལ་བསྟོད་པའི་གླུ་དབྱངས་སྲིད་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ། བཅོམ་ [008B] །རབ་འབྱམས་ཉི་འོད་རྩེ་དགས་རབ་རྒོད་པ། །ཆུ་ལྷའི་ངོགས་སུ་ཕྱོགས་པའི་ལྷུན་པོའི་བཞིན། །དཔེར་མཚོན་མེ་ལོང་ནང་གཟུགས་ཤར་བའི་དབྱིབས། །ཇི་བཞིན་སྒྱུ་འཕྲུལ་གར་གྱིས་ རོལ་དེར་འདུད། ་མཐའ་བྲལ་མཁའ་དབྱིངས་འདྲ་བའི་འོད་གསལ་ལས། །འོངས་པའི་གསལ་རྫོགས་དབྱིངས་སུ་དག་པ་ཡི། །སྐྱེ་འགག་གནས་གསུམ་བྲལ་བའི་ཆོས་ཉིད་ལས། །ཆུ་ལས་ཆུ་ཝུར་ཚུལ་གྱིས་ཉེ་བར་མཚོན། ་ནང་གི་ཕག་མོ་ཞལ་ གཅིག་ཕྱག་བཞི་པ། །ལྡེམ་ཀྱོག་སྒེག་པའི་ཞི་འཛུམ་བཞིན་རས་ཀྱིས། །སྲིད་གསུམ་འདི་དག་ཡིད་ཀྱི་བརྟན་པ་ཡང། །ཅིག་ཅར་འཕྲོག་པའི་སྦྱོར་བས་རྣམ་པར་འགྱིངས། ་ཨུཏྤལ་ཉག་ཕྲན་ཆགས་བྱེད་རྒྱུད་ལྡན་ལ། །ཐབས་ཤེས་གོ་བའི་ རྣ་ཡི་ཕྱིར་སྦྱར་ནས། །ལྷ་མི་གནོད་སྦྱིན་ཀླུ་དང་གྲུལ་བུམ་སོགས། །གང་སྙིང་བསྣུན་དེ་མེ་ཡིས་བུང་བ་བཞིན། ་འདབ་ལྡན་ལྕགས་ཀྱུ་ཞགས་པས་རེག་ཙམ་གྱི། །ཚངས་དང་བརྒྱ་བྱིན་ཐོས་སྒྲོགས་ལ་སོགས་ཀྱང། །རླུང་གི་ཤུགས་ཀྱིས་ རིངས་པར་འོང་བ་ནི། །རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་མིན། ་ཆེ་ཞིང་འགྱིང་བས་དྲེགས་པ་མཐའ་དག་ཀྱང། །ཁྱོད་ཀྱི་མཚན་ཙམ་ཡིད་ལ་དྲན་བྱེད་པའི། །དབུལ་པོའི་མདུན་སར་རིམ་གྲོའི་སྦྱོར་བ་དག་བགྱིད་པར་འགྱུར་ལ་ མྱོང་ལྡན་ཐེ་ཚོམ་བྲལ། ་དེ་ལྟ་མོད་ཀྱི་ཚུལ་འདི་ཕྲ་མོའི་གཏམ། །ཧེ་རུ་ཀ་དཔལ་སྙོམས་འཇུག་བདེ་བའི་རོས། །དགྱེས་དགུར་འགུགས་པའི་རྣལ་འབྱོར་སྙིང་གི་དབུས། །ཁྲག་འཐུང་དཔལ་དེ་ཅི་དགར་འོངས་མིན་ནམ། ་ཞི་དང་རྒྱས་ [009A]༄༅། །དབང་མངོན་སྤྱོད་ལས་རབ་འབྱམས། །གྲུབ་ཆེན་བརྒྱད་དང་ཟུང་འཇུག་ཕྱག་རྒྱ་ཆེ། །མ་ལུས་བདེ་བླག་སྩོལ་མཛད་བཅོམ་ལྡན་མ། །ཁྱོད་ལ་ཡོན་ཏན་བརྗོད་ནས་བསྟོད་པ་ལགས། ་མགྲིན་པ་ཆོས་ཀྱི་མགུར་ལས་ ཆད་མེད་པའི། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་འགྲོ་ཀུན་རྣར། །སྙན་འཇེབས་ཕཻཾ་ཀ་ར་ཡི་སྒྲ་སྐད་ཀྱིས། །ཁམས་གསུམ་མ་ལུས་མཁའ་འགྲོར་བཅས་ཏེ་བསྡུ། ་སྒྲུབ་པོའི་ལམ་གྱི་མན་ངག་ཆ་ཚང་བར། །དབུགས་དབྱུང་ཚིག་དང་བཅས་ ཏེ་སྟོན་མཛད་པས། །ལྷན་སྐྱེས་བདེ་ཆེན་སྟོང་ཉིད་མཉམ་སྦྱོར་བའི། །དགའ་བའི་རོ་ལ་ཀུན་ནས་སྦྱོར་བར་མཛད། །་ཟབ་མོ་སྟོང་ཉིད་སྙིང་སྟོབས་ཆེས་དཔའ་བས། །ལྷན་སྐྱེས་བདེ་ཆེན་གཡུ་ཡི་རལ་པ་གཟིངས། །མི་ཞུམ་ཞི་བ་ སྐྱེ་མེད་ང་རོ་ཡིས། །ལོག་རྟོག་བདག་འཛིན་ཝ་ཚོགས་སྐྲག་པར་མཛད། ་གང་གི་སྙིད་ལ་ཆ་ཤས་ཞུགས་པས་ཀྱང། །ཐོག་མ་མེད་ནས་འཕུང་ཞེན་འགོང་པོའི་དཔུང། །སྙིང་གས་སྟོང་པའི་དབྱིངས་ཤི་མགུ་དཀའི་སེམས། །དབང་དུ་སྡུང་ གསུང་རེ་བའི་ཡིད་ཀྱིས་བསྟོད། ་རྒྱ་མཚོ་ལྟ་བུའི་གཏིང་ལྡན་ཤེས་བྱ་དང། །གངྒཱའི་རྡུལ་སྙེད་ཆོས་ཚུལ་མ་ལུས་པ། །ལག་མཐིལ་ཤིང་ཏོག་ཇི་བཞིན་མངོན་སུམ་དུ། །དུས་མཐའི་སྐད་ཅིག་ཡུན་ལམ་འདྲེས་གཟིགས། ་མཐར་ཐུག་ དབྱིངས་ལས་མ་གཡོས་རྩེ་གཅིག་ཏུ། །མཉམ་པར་བཞག་བཞིན་སེམས་ཅན་ཁམས་སྣ་ཚོགས། །མ་འདྲེས་གསལ་ལེར་གཟིགས་པས་རང་རང་གི་བསམ་པ་ཇི་བཞིན་གང་འདོད་ཆོས་རྣམས་སྟོན། ་ནམ་མཁའི་མཐའ་ལྟར་རྒྱ་ཆེ་ཟླ་བའི་མ་ [009B] །དྭངས་པས་ཆོས་ཚུལ་རྒྱ་མཚོའི་གཟུགས་བརྙན་ཀུན། །ཅིག་ཅར་གསལ་རྫོགས་འཆར་ལ་མཁའ་རླུང་འདྲ། ་ཤེས་དང་ཉོན་མོངས་རྨོངས་བྱེད་མཆུ་རིང་བུང། །སྙིང་རྗེ་སྟོང་པ་ཉིད་ཞུགས་སིལ་ གཡབ་ཀྱིས། །རིང་དུ་བསྐྲད་ཀྱང་བརྩེ་བའི་ཞགས་པ་ཡིས། །འགྲོལ་ངམ་དུ་འཁྱུད་པས་ཡང་དག་རོལ། ་ཆགས་པ་མིན་ཀྱང་བརྩེ་ཆེན་ཆགས་པས་མྱོས། །ཁྲོ་དང་བྲལ་ཡང་ཉོན་མོངས་དགྲ་མགོ་གཅོད། །གཏི་མུག་ཀུན་བཅོམས་འོད་ གསལ་དང་དུ་གཟིམས། །ཡ་མཚན་སྒྱུམས་ས་བཅུ་པ་ཡང་རྨོངས། ་དེ་ལྟར་སྐུ་གསུང་ཐུགས་ཀྱི་ངོ་མཚར་བའི། །གསང་གསུམ་མི་བཟང་རྒྱན་གྱི་འཁོར་ལོ་ལ། །བདག་གི་ལུས་དང་ངག་ཡིད་རབ་གུས་པས། །ལེགས་པར་བསྟོད་ཀྱི་དགྱེས་པས་ སྙན་དུ་བཞེས། ་དེ་ལྟར་བདག་གིས་བསྟོད་པའི་ནུས་མཐུ་ལས། །རབ་དཀར་དགེ་བ་ཟླ་ལྟར་དཀར་བ་དེས། །མར་གྱུར་དོན་དུ་སྟོབས་བཅུ་མངའ་བ་ཡི། །གོ་འཕང་ཚེ་འདིར་བདེ་བླག་ཐོབ་པར་ཤོག་་དཔལ་ལྡན་རིག་བྱེད་ལྷ་མོའི་བསྐྱེད་པའི་ རིམ༑༑རྣལ་འབྱོར་བསམ་གཏན་ལ་གཞོལ་ཡེ་ཤེས་མེས། །ཐ་མལ་སྣང་ཞེན་བུད་ཤིང་མ་ལུས་པ། །རིང་པོར་མི་ཐོགས་མྱུར་དུ་བསྲེག་པར་ཤོག། ་ཏིང་འཛིན་སྒྱུ་འཕྲུལ་འོད་ཟེར་ཀྱོ་བ་ཡི། །དབང་དུ་བྱ་བའི་བསྒྲུབ་བྱ་རླུང་དཀྱིལ་སྟེང། ། བསིལ་ཟེར་བྱེད་དམར་ལ་བཀོད་འཐོར་བྱེད་ཤུགས། །དྲག་པོས་སྐད་ཅིག་དེ་ལ་འགུགས་པར་ཤོག་་མདུན་དུ་འོང་སྙིང་ཨུཏྤལ་མདའ་རྣོན་གྱིས། །ཕུག་པས་དཔའ་བརྟན་སྙིང་སྟོབས་སྲོག་ཤི་སྟེ། །རབ་མྱོས་གོས་བྲལ་བདག་གི་རྐང་པའི་ [010A]༄༅། །མཐིལ། །ལྕེ་ཡིས་འདག་ཅིང་ཅི་སྨྲས་སྒྲུབ་པར་ཤོག་་ཁྱད་པར་བསྟན་དང་འགྲོ་བའི་དོན་ཆེན་གྱི། །རྩ་ལག་མཐར་ཐུག་རྒྱལ་དབང་རྡོ་རྗེ་འཆང། །གང་སྐུའི་སྤྲུལ་པའི་རོལ་གར་གསར་འཛུམ་ལ། །ཆེ་ཕྲའི་འགྲོ་བ་མ་ ལུས་འདུད་པར་མཛོད། ་དབྱར་གྱི་ལང་ཚོ་དར་བའི་ཀུ་ཤའི་མདངས། །རབ་བཀྲ་ལོ་མའི་ཁུར་གྱིས་ལྕི་བའི་མདའ། །འདབ་ལྡན་དྷ་ནུའི་ཤུགས་ཀྱིས་ཕ་རོལ་པོའི། །ཡིད་ཀྱི་ཁྱིའུ་མྱོས་བྱེད་ཟུག་རྡུས་ཆོམས། ་གཏིང་དཔག་དཀའ་ཞིང་མཐའ་ བྲལ་གསུང་བསྟན་བཅེས། །ས་བཅུ་ལམ་ལྔའི་གྲོགས་འགུགས་དགའ་མ་གང། །ཟུར་ཕུད་ལྔ་པ་དགེ་སློང་གཟུགས་འཆང་བའི། །སྙིང་ལས་འདོས་དེ་འདི་ཡི་མཛའ་བོར་ཁུག་་བརྩེ་དང་གཞན་ཕན་རལ་གྲིས་བརྗིད་པ་ཡི། །དམ་བཅའི་གོ་ ཆ་སྲ་བའི་བོ་དང། །རྣམ་དག་ཚུལ་ཁྲིམས་གྲོགས་མཆོག་མཁས་བཙུན་བཟང། །གཡོག་འཁོར་བཅས་པ་སྲོག་ནི་གཅིག་ཏུ་སྒྲུབས། ་ལས་འབྲས་རྟེན་འབྲེལ་བསླུ་བ་མེད་པ་དང། །རིག་བྱེད་མཛོས་མ་མཐུ་སྟོབས་ཐོགས་མེད་པས། །ཇི་ལྟར་རེ་བའི་འབྲས་བུ་བདེ་བླག་ཏུ། །གེགས་དང་ཉེར་འཚོ་མེད་ པའི་རྒྱན་འཕྲེང་དོ་ཤལ་འདི། །ཚུལ་བཞིན་ལྷ་མོ་ཁྱོད་ཀྱི་མགུལ་པར་ཆོངས། ་ལས་འབྲས་རྟེན་འབྲེལ་བསླུ་བ་མེད་པ་དང། །རིག་བྱེད་མཛོད་མ་མཐུ་སྟོབས་ཐོགས་མེད་པས། །ཇི་ལྟར་རེ་བའི་འབྲས་བུ་བདེ་བླག་ཏུ། །གེགས་དང་ཉེར་འཚེ་མེད་ པར་འགྲུབ་གྱུར་ཅིག། ཅེས་ཁམས་གསུམ་དབང་སྡུང་ལྷ་མོ་རིག་བྱེད་མ་ལ་བསྟོད་པ་འདི་ནི་ཆོས་སྨྲ་བའི་སྙོམས་ལས་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་དོན་ཆེན་པོ་ལ་དམིགས་ནས་སུག་བྲིས་སུ་བགྱིས་པའོ།། ༈ གུར་ཀུམ་བཟང་པོ་ཉིན་བྱེད་བྱེ་བའི་འོད། །འབུམ་ [010B] །མ་རིག་མུན་པ་དྲུངས་ནས་འབྱིན་མཛད་པའི། །ཞེ་སྡང་བུང་ཤིང་བསྲེག་པ་ཁྱོད་ལ་བསྟོད། །ཞལ་གསུམ་ཕྱག་བཞི་སངས་རྒྱས་སྤྲིན་མང་སྤྲོ། །ཆོས་འཁོར་སྐྱབས་སྦྱིན་ཀླུ་ཤིང་མེ་ཏོག་ཅན། །རབ་ མཛེས་སེར་སྡོ་འབར་པའི་འཛུམ་ཞལ་གྱིས། །དངོས་གྲུབ་སྩོལ་མཛད་བྱམས་མགོན་ཁྱོད་ཉིད་དགོངས། །བདག་གིས་མཆོད་ཅིང་བསྒྲུབ་དང་བསྙེན་པའི་ཚོགས། །ལེགས་པར་བགྱིས་པའི་མཐུ་ལས་རྗེས་བཟུངས་ཏེ། །ཚེ་འདིའི་སྣང་བ་འགགས་ ཚེ་མཆོད་སྤྲིན་གྱིས། །ཉེར་བསུས་དགའ་ལྡན་གནས་སུ་འཁྲིད་པར་ཤོག་ཞིང་ཁམས་མཆོག་དེར་ཐེག་པ་མཆོག་གི་གནང། །རྗེ་བཙུན་ཁྱེད་དང་ཁྱད་པར་རྡོ་རྗེ་འཆང། །འཇམ་དཔལ་སྙིང་པོས་དགེ་བའི་བཤེས་མཛད་དེ། །ཡང་དག་གདམས་ ནས་ཚུལ་བཞིན་འདོམས་པར་མཛོད། །དེ་ནས་ཐེག་པ་མཆོག་གི་གསང་བ་ཀུན། །ཇི་ལྟར་གསུང་བཞིན་རྩེ་གཅིག་བསྒྲུབས་པའི་མཐུས། །དཔག་བསམ་ཤིང་ལྟར་འགྲོ་བའི་དོན་བྱེད་ཤོག། ཅེས་པ་འདི་ནི་འཇམ་དབྱངས་གོང་མ་བདག་པོ་ཆེན་པོའི་བཀའི་ མཐར་ཕྱིན་པའི་མཐུ་ལས་ཐེག་མཆོག་གི་ས་ལམ་བགྲོད་པ་ཐམས་ཅད་མཐར་ཕྱིན་ཏེ། །ནམ་མཁའ་ཇི་སྲིད་ཡིད་བཞིན་ནོར་བུ་དང། །དཔག་བསམ་ཤིང་ལྟར་འགྲོ་བའི་དོན་བྱེད་ཤོག། ཅེས་པ་འདི་ནི་འཇམ་དབྱངས་གོང་མ་བདག་པོ་ཆེན་པོའི་བཀའི་ ལུང་གིས་མངགས་པའི་ཕུ་ཡན་བླ་མ་ཨ་རྐྱ་ཁོ་ཐོག་ཐུའི་ཐུགས་བཞེད་བཞིན་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ །གཅིག་བསྡུས་འཕགས་མཆོག་རྗེ་བཙུན་འཇམ་དབྱངས་ཀྱིས། །ཕུལ་བྱུང་ [011A]༄༅། །བློ་དང་ཤེས་རབ་མཆོག་སྩལ་ནས། །བདག་གི་བློ་གྲོས་མ་ལུས་རྒྱས་པར་ཤོག་ཞིང་རྡུལ་ཇི་སྙེད་རྒྱལ་བའི་མཁྱེན་པ་ཀུན། །བྱིན་རླབས་བདུད་རྩིའི་གཟེགས་མ་ལེགས་ཐོབ་ནས། །ཟབ་གསལ་མྱུར་བའི་ཤེས་རབ་སྤོབས་པ་ དག་ཐོབ་སྟེ་ཆོས་ཀུན་ཐོགས་མེད་རྟོགས་པར་ཤོག་འཆད་རྩོད་རྩོམ་པས་རྒྱལ་བསྟན་རྒྱལ་མཚན་མཆོག་ཕྱོགས་བརྒྱར་བསྒྲེངས་ལ་གཞན་དྲིང་མི་འཇོག་ཅིང། །བླ་མར་དད་གུས་བརྩེ་ལྡན་རིགས་གཟུགས་བཟང། །ང་རྒྱལ་དང་བྲལ་བདེ་ལ་ གནས་པར་ཤོག་ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང། །ཁྱད་པར་བདེ་གསང་འཇིགས་གསུམ་རིམ་གཉིས་ལམ། །དབུ་ཕར་འདུལ་མཛོད་གནད་ཀྱིས་བརྒྱན་པའི་ཚུལ། །རྟོགས་ནས་ཟུང་འཇུག་རྡོ་རྗེའི་ལམ་ཐོབ་ཤོག་དཔལ་ལྡན་ དུས་ཀྱི་འཁོར་ལོའི་སྲོལ་ཆེན་ལས། །གཞན་ལས་ངོ་མཚར་ཆེ་བའི་སྟོང་གཟུགས་སྐུ། །འཇའ་ཚོན་ལྟར་བཀྲ་རྣམ་མེད་ཕྱག་རྒྱས་འཁྱུད། །རིགས་ལྡན་བཞེད་པ་ཇི་བཞིན་མངོན་གྱུར་ཤོག་ལྷ་དང་བླ་མ་ཡི་དམ་བདེན་ཆེན་གྱིས། །བདག་ག་རེ་ འབྲས་འདི་རྣམས་དོན་ལྡན་ཞིང། །རེ་འབྲས་འདིས་ཀྱང་རྒྱལ་བསྟན་ཆེར་རྒྱས་པའི། །བཀྲ་ཤིས་དགེ་མཚན་རྒྱ་མཚོ་འབར་གྱུར་ཅིག། ཅེས་ཤེས་རབ་སྨོན་ལམ་འདི་ནི་རབ་འབྱམས་པ་བློ་བཟང་རྒྱལ་མཚན་གྱིས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ ལྡན་ཡེ་ཤེས་ཀྱིས་སྦྱར་ཞིང་སུག་བྲིས་སུ་བགྱིས་པའོ།། ༈ དུས་གསུམ་བདེ་གཤེགས་སངས་རྒྱས་ཀུན། །གཅིག་བསྡུས་རྒྱལ་བ་རྡོ་རྗེ་འཆང། །འཇམ་དཔལ་དབྱངས་དང་དབུ་མ་པ། །གསོལ་བ་འདེབས་སོ་འཆི་མེད་སྩོལ།། [011B] །དགེ་ལེགས་དཔལ་དང་བསོ་རྗེ། །ཆོས་ཀྱི་རྡོ་རྗེ་དབེན་ས་པ། །གསོལ་བ་འདེབས་སོ་འཆི་མེད་སྩོལ། །སངས་རྒྱས་ཡེ་ཤེས་ཆོས་ཀྱི་མཚན། །རྡོར་འཛིན་དཀོན་མཆོག་རྒྱལ་མཚན་དང། །བློ་བཟང་ཡེ་ཤེས་དཔལ་ བཟང་པོར། །གསོལ་བ་འདེབས་སོ་འཆི་མེད་སྩོལ། །གྲུབ་དབང་བློ་བཟང་བཟོད་པའི་ཞབས། །འཁོར་ལོའི་བདག་པོ་ཡབ་ཡུམ་དང། །བློ་བཟང་དཔལ་ལྡན་ཡེ་ཤེས་ལ། །གསོལ་བ་འདེབས་སོ་འཆི་མེད་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་ མཐུས། །གནས་སྐབས་ཚེ་རིང་བསོད་ནམས་འཕེལ། །འཆི་མེད་ཧེ་རུ་ཀའི་གོ་འཕང། །རིང་མིན་མྱུར་དུ་ཐོབ་པར་ཤོག། ཅེས་པ་འདི་ནི་ཚེ་སྒྲུབ་ཆོག་གྲྭ་པ་རྣམས་ཀྱིས་འཁོར་ལོ་སྡོམ་པ་དཀར་པོ་ཚེ་འཕེལ་གྱི་བླ་བརྒྱུད་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་་དཔལ་ འཁོར་ལོ་སྡོམ་པའི་རྣལ་འབྱོར་སྤྱོད་པ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ སྟོན་པ་ཐུགས་རྗེ་མཚུངས་པའི་ཟླ་དང་བྲལ། །མཉམ་མེད་བུ་རམ་ཤིང་པའི་རིགས་ལས་འཁྲུངས། །ལྔ་བདོའི་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ་ ཤཱཀྱའི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་རྒྱལ་ཚབ་བྱམས་པ་མགོན་པོ་དང། །ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་དཔལ། །འགྲོ་དོན་ཆེར་མཛད་སློབ་དཔོན་དབྱིག་གི་གཉེན། །བློ་གྲོས་བརྟན་པ་རྣམས་ལ་གསོལ་བ་ འདེབས། །གྲུབ་པའི་དབང་ཕྱུག་མཁས་དབང་ཤཱནྟི་པ། །སློབ་དཔོན་ཆེན་པོ་ས་ར་ཧེ་ཏ་དང། །ལྔ་བརྒྱའི་གཙུག་རྒྱན་དའི་པཾ་ཀ་རའི་ཞབས། །འབྲོམ་སྟོན་ཆོས་རྒྱལ་རྣམས་ལ་གསོལ་བ་འདེབས། །ལེགས་པའི་ཤེས་རབ་བློ་ལྡན་ཤེས་རབ་དང། ། [012A]༄༅། །བློ་གྲོས་འབྱུང་གནས་ཆོས་ཀྱི་སེངྒེའི་ཞབས། །ཐུགས་རྗེ་སེངྒེ་གྲོ་སྟོན་བདུད་རྩི་གྲགས། །ནམ་མཁའ་གྲགས་ཀྱི་ཞབས་ལ་གསོལ་བ་འདེབས། །སྨོན་ལམ་ཚུལ་ཁྲིམས་རྒྱང་རོ་པཎ་ཆེན་དང། །མཆིམས་སྟོན་བློ་བཟང་གྲགས་ དང་ཀུན་དགའི་མཚན། །དཔང་སྟོན་གྲུབ་པ་ཤེས་རབ་མཆོག་གྲུབ་ཞབས། །ཆོས་རྗེ་དཔལ་འབར་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་དོན་གྲུབ་ཀུན་དགའ་རྒྱལ་མཚན་དང། །ཐེལ་བྲག་ལྕོག་པ་བློ་གྲོས་རྒྱལ་མཚན་དཔལ། །ཤངས་བསྟི་ དགེ་འཕེལ་ཕྱོགས་ལས་རྣམ་རྒྱལ་མཚན། །ཀུན་མཁྱེན་བསོད་ནམས་རྒྱ་མཚོར་གསོལ་བ་འདེབས། །བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་དང། །འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཟུར་དབང་རྗེ། །ཐམས་ཅད་མཁྱེན་དངོས་བློ་ བཟང་རྒྱ་མཚོའི་སྡེ། །ཡོན་ཏན་སེངྒེ་རྣམས་ལ་གསོལ་བ་འདེབས། །བློ་བཟང་འཕྲིན་ལས་བློ་བཟང་དོན་གྲུབ་དང། །རྒྱལ་བ་ཀུན་དངོས་བློ་བཟང་ཡེ་ཤེས་ཞབས། །མཁས་པའི་དབང་ཕྱུག་བློ་བཟང་དོན་གྲུབ་སྟེ། །དཔལ་ལྡན་བླ་མ་རྣམས་ལ་གསོལ་ བ་འདེབས། །ཁྱད་པར་ལྷ་ཅིག་སེང་ལྡེང་ནགས་སྒྲོལ་དང། །གྲུབ་པའི་དབང་ཕྱུག་བློ་བཟང་བཟོད་པའི་དཔལ། །རྩ་བའི་བླ་མ་དཔལ་ལྡན་ཡེ་ཤེས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབ། །དེ་ལྟར་རྩ་བ་བརྒྱུད་པའི་བླ་ མ་ལ༑ ༑རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་ཐུགས་རྗེའི་སྤྱན་གྱིས་བསྐྱང་དུ་གསོལ། །འཇིགས་ཆེན་སྡུག་བསྔལ་བརྒྱད་དང་འབྱུང་པོའི་ཚོགས། །ཤ་ཟ་སྲིན་པོ་རོ་ལངས་ [012B] །ནད་དང་དལ་ཡམས་ཚུལ་ཁྲིམས་བར་གཅོད་ཀུན། །མྱུར་དུ་ཞི་ཞིང་བཟློག་པར་མཛད་དུ་གསོལ། །སྐྱེ་བ་ཀུན་ཏུ་རྒྱལ་ཡུམ་སྒྲོལ་མ་ཡིས། །རྗེས་སུ་བཟུངས་ནས་མི་མཐུན་ཀུན་ཞི་ཞིང། །མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་ འབྱོར་ཀུན། །ཡར་ཟླ་དབྱར་གྱི་མཚོ་ལྟར་འཕེལ་བར་མཛོད།། ཅེས་བླ་བརྒྱུད་དང། སྨོན་ལམ་ནི། ༈ །རབ་དགྱེས་ལྷ་མོ་མར་གད་མདོག་ཅན་མ། །མཆོད་བསྟོད་གསོལ་འདེབས་རིམ་པ་འདི་བྱས་པས། ། རྫོགས་སངས་རྒྱས་ཀྱི་གོ་འཕང་མྱུར་ཐོབ་ཤོག་མཚན་བཅས་མཚན་མེད་ལྷ་མོའི་ཏིང་འཛིན་འཕྲུལ། །གོམས་པར་བྱས་པས་མུ་མཐའ་མེད་པའི་ཞིང། །བགྲོད་དེ་རྒྱལ་བསྲས་དང་བཅས་པའི་ཞལ། །བལྟ་ཞིང་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག་དེ་ ནས་ས་དང་ལམ་གྱི་རིམ་པ་རྣམས། །རྒྱལ་བའི་དགོངས་པ་ཇི་བཞིན་མྱུར་བགྲོད་དེ། །སྟོབས་བཅུའི་དཔལ་མངའ་རྫོགས་པའི་སངས་རྒྱས་དེར། །འགྲོ་བ་མ་ལུས་མྱུར་དུ་འགོད་པར་ཤོག། ཅེས་དང། བཀྲ་ཤིས་ནི། ་ནམ་མཁའི་ཁྱོན་ཀུན་གང་བའི་ འཕགས་མའི་ཚོགས། །དགེ་ལེགས་མེ་ཏོག་ཆར་ཆེན་འབེབས་པ་དང། །མཐུན་པའི་གླུ་དབྱངས་རྔ་ཆེན་བརྡུང་བའི་དོན། །ཤེས་པར་གྱིས་ཤིག་ཤིས་བརྗོད་དབྱངས་འདི་སྒྲོག་མར་གང་ལྷུན་པོ་འཇའ་ཚོན་འབུམ་རིས་ཅན། །རྣལ་འབྱོར་བདེ་སྟེར་ ནུ་འབུར་རིན་ཆེན་འཁྲོལ། །སྐྱབས་སྦྱིན་གསུམ་མཚོན་ཕྱག་རྒྱས་འཇིགས་ལས་སྐྱོབ། །ཡུམ་གྱུར་ཨུཏྤལ་བསྣམས་མ་ལ་ཕྱག་འཚལ། །གང་གི་ཐུགས་རྗེ་རྒྱ་མཚོའི་རླབས་བཞིན་དུ། །ཡོལ་མེད་ཀུན་ནས་འཇུག་པའི་སྙིང་རྗེའི་གཏེར། །རྩ་བ་བརྒྱུད་ [013A]༄༅། །པའི་བླ་མ་ཐམས་ཅད་ཀྱིས། །བདག་ཅག་དུས་འདིར་དགེ་བའི་བཀྲ་ཤིས་སྩོལ། །བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་དང། །ཁྲོ་གཉེར་འཁྲིགས་མ་ཉེར་གཅིག་ལྷ་ཡི་ཚོགས། །རྟག་ཏུ་སྒྲུབ་པ་པོ་ལ་དགྱེས་རྣམས་ཀྱིས། །བདག་ཅག་ སོགས། དེ་ཉིད་སྒྲུབ་ཐབས་ལ་སོགས་སྟོན་པའི་ཚིག་ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྔུལ་སྙེད་ན། །དེ་སྙེད་བཞུགས་པའི་ཆོས་ཀྱི་བདུད་རྩི་ཡིས། །བདག་ཅག་སོགས་ཚུལ་འདི་ཉམས་སུ་ལེན་པའི་འཕགས་པའི་སྡེ། །བསླབ་པ་གསུམ་ལྡན་ ཚུལ་ཁྲིམས་གོས་ཀྱིས་ཀླུབས། །འདུས་པའི་དབང་པོ་ཇི་སྙེད་མཆིས་པ་ཡིས། །བདག་ཅག་དུས་འདིར་དགེ་བའི་བཀྲ་ཤིས་སྩོལ། །སྡེ་འདིར་བྱིན་རླབས་སོགས་བྱའོ། །ཞེས་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས་པའི་རིམ་པ་ མཎྜལ་བཞི་པར་གྲགས་པའི་ཆོ་གའི་ཡན་ལག། བླ་བརྒྱུད་གསོལ་འདེབས། སྨོན་ལམ། ཤིས་བརྗོད་དང་བཅས་པ་འདི་ནི་ཚེ་དང་ལྡན་པ་དགེ་སློང་ཕུན་ཚོགས་ཆོས་འཕེལ་གྱིས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་བློ་བཟང་རབ་བརྟན་ནོ།། ༈ གུ་རུ་ཏཱ་རེ་ཡ། དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད། །རྒྱལ་བ་ཀུན་གྱི་ཡུམ་གཅིག་སྔོ་ལྗང་ཅན། །རྩ་བའི་བླ་མ་མཆོག་དང་དབྱེར་མེད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབ། །བཀའ་གདམས་རྣམ་ཐར་གཙང་མའི་ལུགས་ སྲོལ་མཆོག་གླིང་བཞི་ཉི་ཟླར་བཅས་པ་བཞི་བཤམས་ཏེ། །བླ་མ་ཡི་དམ་ཀུན་འདུས་སྒྲོལ་མ་ལ། །ཕུལ་བའི་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་དར་བ་དང། །སྡུག་བསྔལ་རྒྱ་མཚོ་མ་ལུས་རབ་སྐེམས་ཤིང། །སྲིད་ [013B] །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །ཁྱད་པར་བདག་ཉིད་ཚེ་རབས་ཐམས་ཅད་དུ། །བླ་མ་རྗེ་བཙུན་སྒྲོལ་མ་དབྱེར་མེད་ཀྱིས། །དགྱེས་བཞིན་རྗེས་སུ་བཟུངས་ཏེ་འགྲོ་བ་ཀུན། །སྒྲོལ་བའི་དེད་དཔོན་ མཆོག་ཏུ་འགྱུར་བར་མཛོད།། ཅེས་པ་འདི་ནི་ཚེ་དང་ལྡན་པ་དགེ་སློང་ཕུན་ཚོགས་ཆོས་འཕེལ་གྱིས་མཎྜལ་བཞི་པའི་ཆོ་གའི་ཡན་ལག་ཏུ་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའི་ཡི་གེ་པ་ནི་དགེ་ཚུལ་བློ་བཟང་རབ་བརྟན་ནོ།། ༈ ཐུགས་རྗེའི་རང་བཞིན་རྒྱལ་བ་སྲས་ བཅས་དང། །བྱང་ཆུབ་སེམས་དཔའ་ཉན་རང་འཕགས་པའི་ཚོགས། །ཀུན་ལ་བདག་ནི་དད་དང་འདུན་པ་ཡིས། །གསོལ་བ་འདེབས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་ཚེ་ཐོག་མ་མེད་ནས་བསགས་པ་ཡི། །ལས་ངན་སྡིག་སྒྲིབ་བག་ཆགས་བཅས་ པ་ཀུན། །སྙིང་ནས་འགྱོད་པ་དྲག་པོས་བཤགས་བགྱིད་ན། །བྱང་ཞིང་དག་ལ་འབྲས་བུ་མེད་པར་མཛོད། །བདག་ནི་མ་རིག་མཐུག་པོས་རབ་བསྒྲིབས་ནས། །རྟག་ཏུ་སྐྱོན་གྱི་དབང་དུ་གྱུར་པ་ལ། ཐུགས་རྗེས་དགོངས་ཏེ་ཐུགས་རྗེའི་ལྕགས་ཀྱུ་ཡིས། །དག་ པའི་ཞིང་ཁམས་རྣམས་སུ་དྲང་དུ་གསོལ། །གདོད་ནས་ལྷུན་གྲུབ་སྐྱེ་འགག་གནས་གསུམ་བྲལ། །སྨྲ་བསམ་བརྗོད་མེད་བདེན་པའི་བྱིན་རླབས་ཀྱིས། །སྡིག་དང་དེ་ཡི་འབྲས་བུ་ཟད་འགྱུར་བའི། །དངོས་གྲུབ་དམ་པའི་ཆར་ཆེན་དབབ་ཏུ་གསོལ།། བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་གིས། །འགྲོ་བ་ཀུན་ལ་མ་བུ་ལྟར་བརྩེ་བའི། །ཐུགས་རྗེའི་ཕྱག་རིང་སྐྱོང་བར་མཛད་ནས་ནི། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་བསྒྲལ་དུ་གསོལ། །དེ་ནས་དག་པའི་ཞིང་དུ་སྐྱེས་ནས་ནི། །གཟུངས་དང་སྤོབས་པ་ [014A]༄༅། །མངོན་ཤེས་རྫུ་འཕྲུལ་རྣམས། །མངོན་དུ་བྱས་ནས་འགྲོ་བ་མ་ལུས་པ། །སྒྲོལ་བའི་དེང་དཔོན་མཆོག་ཏུ་འགྱུར་བར་ཤོག། ཅེས་པ་འདི་ནི་མི་རི་ནི་རྫང་ཀིའི་དཔོན་མོ་མཁའ་འགྲོ་སྐྱིད་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་བསྟོད་པའི་རབ་བྱེད་བདུད་དཔུང་ཕྱེ་མར་འཐག་པའི་གནམ་ལྕགས་ཞེས་བྱ་བ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་ ལ་ཕྱག་འཚལ་ལོ། །དགུ་ཡི་ཞལ་གྱིས་ཁམས་གསུམ་ཟ་བར་བྱེད། །སོ་བཞིའི་ཕྱག་གིས་བདུད་དཔུང་རྩད་ནས་གཅོད། །བཅུ་དྲུག་ཞབས་ཀྱིས་གཤིན་རྗེའི་གནས་འཛོམས་པ། །དཔལ་ལྡན་རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཆོས་དབྱིངས་ མཁའ་ལས་དམར་སེར་འཇམ་དཔལ་དབྱངས། །ཕྱི་ནང་གཤིན་རྗེ་ཆོས་ཀྱི་ངོ་བོའི་སྐུར། །བསྟིམ་ཕྱིར་མི་བཟང་དྲག་ཤུལ་བསྐལ་པའི་མེ། །རབ་འབར་དཔའ་བོ་ཆེན་པོ་ཁྱོད་ལ་བསྟོད། །ཁྲོ་གཉེར་ཆ་ཤས་གཡོ་བས་སྐབས་གསུམ་པ། ། མདའ་ལྔ་དགའ་མར་བཅས་པ་འཆོས་བར་མཛད། །ཧྲཱི་ཥྚཱིའི་གསང་སྔགས་གད་རྒྱངས་གདོང་བཞི་པ། །ལོག་འདྲེན་ཀུན་འགྱེད་གཞོན་ནུ་ཞུ་བར་གྱུར། །སྨིན་མ་འཁྱོག་པོའི་རི་མོ་ལི་ལི་བ། །འཁོར་ལོའི་ལག་པ་ལག་པའི་མཁྲིག་མ་ལྷུང། །ཨག་ ཚོམ་མེ་སྟག་འཕྲོ་བ་ཁྱུར་རུ་རུ། །བདེ་འབྱུང་ཟླ་གཙུག་གྲོག་མའི་ཁུང་དུ་ཞུགས། །རལ་པ་ཁམ་ནག་འབར་བ་འཁྲུགས་པ་ཡིས། །རྨུགས་འཛིན་རེངས་པའི་ལུས་པོ་ཤིང་འདྲ་ཞིང། །རྭ་རྩེ་རིང་པོ་སྔོ་བསངས་མཁར་གདེངས་པ། །ཚངས་པ་ [014B] །འབར་འཕྲེང་འཁྲུགས་པའི་ཤངས་ཀྱི་དབུགས་བཟང་པོ། །ནོར་འཛིན་ཆུ་གཏེར་སྐེ་རགས་བཅས་བ་འདར། །ལྗགས་ཀྱི་གློག་འཕྲེང་ཁྲག་གི་རྒྱུན་འཁྲུག་པ། །གནོད་སྦྱིན་སྲིན་པོའི་ཤ་རུས་ཆིལ་ལི་ལི་ མཆེ་བ་འབར་བ་ཚ་ཟེར་འཕྲེང་བ་འཁྲིགས། །ཁམས་གསུམ་སྣོད་བཅུད་ཐམས་ཅད་ཕྱེ་མར་བྱེད། །བདུད་དང་རོ་ལངས་རིམས་ཀྱི་བདག་པོའི་ཁྲག་ཤ་ཚིལ་བཅས་པའི་ཚེམས་ནི་གངས་རི་འདྲ། །ལྕགས་ཀྱུའི་སེན་མོ་ཀླང་པས་སྦགས་འཇིགས་ པ༑ ༑སྡིགས་མཛུབ་མཛད་པས་ཁྲོ་བོའི་རྒྱལ་རྣམས་དངགས། །རཀྟ་རློན་པས་མཐིལ་དག་དམར་བ་ཡིས། །ལྷ་དང་ལྷ་མིན་གཤིན་རྗེ་ཁ་སྤུབ་འགྱེལ། །སྣ་ཚོགས་མཚོན་ཆ་མཚན་མ་མང་པོ་ནི། །བསྟན་པ་བཤིག་པའི་དགྲ་བགེགས་མགོ་ལ་ ཟས༑ ༑གཡས་བསྐུམས་གཡོན་བརྐྱངས་གར་སྟབས་རུས་རྒྱན་འཁྲོལ། །ལྷ་ཆེན་ཐམས་ཅད་ཁ་སྤུབ་དུ་ཞིང་བརྒྱལ། །ཡེ་ཤེས་སེམས་དཔའ་འོད་འཕྲོ་ཧཱུཾ་ཡིག་ཧཱུཾ། །སྒྲ་སྒྲོག་བེཏྟཱ་ལི་མ་ལྷན་སྐྱེས་སྟེར། །བཅུ་གསུམ་ལྷར་བཅས་བདག་ མེད་དུར་ཁྲོད་དབུས། །འགྱིང་མཛད་བདག་གི་སྐྱབས་གཅིག་ཁྱོད་ལ་བསྟོད། །ཡང་ན་དཔའ་བོ་གཉིས་མེད་ལིངྒ་བསྒྲེངས། །འདས་དང་མ་འདས་ཀུན་ལ་དྲག་ཤུལ་སྤྱོད། །ཧ་ཧ་ཧི་ཧི་ཧོ་ཧོ་ཧུ་ཧུ་ཧེ། །ས་འཛིན་དབང་པོ་ལྷར་བཅས་ཡེར་རེ་རེ། ། འཁྲུལ་འཁོར་འབར་བ་གདུག་པ་ཁྲག་ཏུ་སྐྱུག་ཟོར་ཆེན་འབར་བ་སྲོག་གི་རྩ་ལ་གཟིར། །བསྲེག་བླུགས་འབར་བས་དགྲ་པོ་ཆོས་པར་བྱེད། །འབར་བའི་རྣམ་འགྱུར་རྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་རྒྱལ་བའི་ཡབ་གཅིག་འཇམ་ [015A]༄༅། །པའི་དབྱངས། །ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ། །ཁམས་གསུམ་ཟ་བྱེད་རྩ་བའི་བླ་མ་དང། །དབྱེར་མེད་རྡོ་རྗེ་འཇིགས་བྱེད་བསྟོད་པར་བགྱི། །བདག་གིས་བླ་མ་ལྷ་ཁྱོད་བསྟོད་པའི་མཐུས། །ཚེ་རབས་ ཀུན་ཏུ་དགེ་བའི་བཤེས་མཛད་དེ། །ཟུང་འཇུག་རྡོ་རྗེ་འཆང་དབང་གཤིན་རྗེའི་གཤེད། །འགྲུབ་པའི་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །དགག་བྱ་བདེན་པ་བཀག་པའི་མེད་དགག་དབྱིངས། །དོན་དམ་སྤྲོས་བྲལ་ཀུན་རྫོབ་སྣང་བ་ དང༑ ༑ཟུང་དུ་འཇུག་པའི་ལྟ་བའི་རྒྱལ་པོ་ཡི། །རང་ཞལ་མཐོང་བའི་དངོས་གྲུབ་སྩལ་དུ་གསོལ། །རལ་གྲི་མིག་སྨན་རྐང་མགྱོགས་མི་སྣང་བ། །གྲུབ་ཆེན་འཁོར་བསྒྱུར་རྒྱལ་པོ་གང་ཡིན་གྱི། །དངོས་གྲུབ་དབེན་པའི་བྱིན་རླབས་གང་དེ་ ཡང༑ ༑དེང་འདིར་བདག་ལ་སྩོལ་བར་མཛད་དུ་གསོལ། །བར་ཆད་གདོན་བགེགས་གནོད་པ་ཅི་མཆིས་པ། །དེ་ཀུན་ཐུགས་ཀ་ནས་སྤྲོས་འོད་ཟེར་དཀར། །སྟོང་གསུམ་ཟླ་བ་གཞོན་ནུར་བྱེད་པ་ཡིས། །ཞི་བའི་དངོས་གྲུབ་དམ་པ་སྩལ་ དུ་གསོལ། །ཧཱུཾ་ཡིག་ནཱ་ད་ལས་འཕྲོས་འོད་ཟེར་ནི། །གསེར་གྱི་མདོག་ཅན་གངྒཱ་སེར་བོ་འབབ། །བདག་གི་སྤྱི་བོའི་གནས་ནས་སྩལ་བ་ཡིས། །ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་མཛོད། །གློག་གི་ཞགས་པ་ལྟ་བུའི་འོད་ཟེར་དམར་ ལྕགས་ཀྱུའི་དབྱིབས་འབར་དྲིལ་བུའི་སྒྲ་སྒྲོག་པ། །བསྒྲུབ་བྱ་རླུང་དཀྱིལ་རྐང་བརྒྱད་སྟེང་བཞག་ནས། །བདག་གི་རྐང་པའི་དྲུང་དུ་དབང་དུ་བསྡུས། །བྱ་རྒོད་མི་བཟད་རྡོ་རྗེ་ཁྭ་ཏ་དང། །འུག་པ་ཁྲ་ཆེན་སེངྒེ་གཤིན་རྗེའི་དཔུང། །བདག་གི་དོན་ [015B] །ཐམས་ཅད་ཤ་ཁྲག་རུས་པ་ཆེམས་སེ་ཆེམས། །གནས་ལྔ་རིག་པའི་བློ་གྲོས་བཟང་པོ་ཡིས། །བདག་གི་བསམ་པ་དབྱིངས་སུ་རྫོགས་པ་དང། །འགྲོ་བ་རྣམས་ལ་ཕན་བདེའི་རྒྱུན་བཟང་པོ། །ནམ་མཁའ་མ་ ཟད་བར་དུ་སྟེར་བར་ཤོག། ཅེས་འཇམ་དཔལ་གཤིན་རྗེའི་གཤེད་ལ་བསྟོད་པའི་རབ་ཏུ་བྱེད་པ་བདུད་དཔུང་ཕྱེ་མར་འཐག་བའི་བཞད་སྒྲ་ཞེས་བྱ་བ་འདི་ནི་་ལྷ་མཆོག་འདི་ཉིད་ལ་གསོལ་བ་འདེབས་པའི་་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ བདེ་ཆེན་ འོད་གསལ་ཟུང་འཇུག་ཕྱག་རྒྱ་ཆེ། །དཔའ་བོའི་གར་གྱིས་དུར་ཁྲོད་དབུས་སུ་རོལ། །ཁམས་གསུམ་བདུད་དཔུང་བཟའ་བའི་མཆེ་བ་དཀར། །གཙིགས་པའི་འོད་ཅན་ཁྱོད་ཀྱིས་རྟག་ཏུ་སྐྱོངས། །རབ་འབན་དུས་ཀྱི་མེ་ལྕེའི་འཕྲེང་བའི་དབུས། །ཆུ་ སྐྱེས་ཉི་མ་ལྷ་ཆེན་གདན་གྱི་ཁྲིར། །དགུ་དང་བཅུ་དྲུག་སུམ་ཅུ་བཞི་ལྡན་གྱི། །འགྱིང་མཛད་བདུད་བཞིའི་དགྲ་འཛོམས་ཁྱོད་ལ་བསྟོད། །ཀུནྡའི་འོད་ཟེར་འགྱེད་པའི་བསིལ་བྱེད་ཀྱིས། །ཉོན་མོངས་བདུད་དང་གཤིན་རྗེའི་བར་གཅོད་ཀུན། ། ཆོས་ཀྱི་དབྱིངས་སུ་རྣམ་པར་ཞི་མཛད་པ། །ཞི་བའི་མགོན་པོ་ཁྱོད་ལ་བསྟོད་པར་བགྱི། །གསེར་གྱི་ཁུ་བ་བཞུ་བའི་འོད་འཕྲེང་ལས། །ཚེ་དང་བསོད་ནམས་བསླབ་གསུམ་དཔལ་འབྱོར་དང། །ཤེས་རབ་གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་ཀུན། ། རྒྱས་མཛད་རྒྱས་པའི་མགོན་པོ་ཆེ་ལ་བསྟོད། །ཀྱོ་བ་ཞགས་པ་མདའ་རྣོན་དམར་འོད་ཀྱིས། །གང་ལ་རེག་པ་འདུ་ཞིང་འབུགས་འགྱུར་བའི། །དབང་གི་ལས་མཛད་དབང་གི་གཟི་བརྗིད་ཅན། །དབང་སྡུད་མགོན་པོ་ཁྱོད་ལ་བསྟོད་བར་བགྱི། ། [016A]༄༅། །བདུད་དང་དགྲ་བགེགས་འབྱུང་པོ་གདུག་པ་ཅན། །སྐད་ཅིག་ཉིད་ལ་གནམ་ལྕགས་ཀྱིས་ཤིང་བཞིན། །འཇོམས་མཛད་དྲག་པོའི་མགོན་པོ་དྲག་ཤུལ་ཅན། །རྡོ་རྗེ་འཇིགས་བྱེད་ཆེན་པོར་བསྟོད་པར་བགྱི། །རལ་གྲི་རིལ་ལུ་མིག་ སྨན་རྐང་གི་མགྱོགས། །བུམ་བཟང་ས་འོག་ལ་སོགས་གྲུབ་ཆེན་བརྒྱད། །དབང་ཕྱུག་བརྒྱད་སོགས་ཡོན་ཏན་མ་ལུས་པ། །དྲན་པ་ཙམ་གྱིས་སྩོལ་མཛད་ཁྱོད་ལ་བསྟོད། །སྙིང་དབུས་ཉོན་མོངས་གཤིན་རྗེའི་ལྕགས་མཁར་ཆེ། །ཕུག་པས་ཕྱག་རྒྱ་ ཆེན་པོ་མཆོག་གི་བདེ། །ཞལ་དགུས་བརྗིད་པ་དཔལ་ལྡན་གཤིན་རྗེའི་གཤེད། །ཁྱོད་ལ་རེ་བའི་ཡིད་ཀྱིས་བསྟོད་པར་བྱ། །མགོན་པོ་ཁྱོད་ཀྱིས་རྟག་ཏུ་སེམས་ཅན་ཀུན། །ཐུགས་རྗེས་མ་བོར་བྱམས་པའི་ཕྱག་གིས་བཟུངས། །ཁྱད་པར་རྣལ་འབྱོར་ བདག་གི་རེ་བ་ཀུན། །རྒྱ་མཚོའི་འདུས་རླབས་བཞིན་མཛད་དེའི་ཕྱིར་བསྟོད། །ཐུགས་རྗེའི་མངའ་བདག་བླ་མ་མཆོག་རྣམས་དང། །དབྱེ་བ་མེད་པ་དེའི་ཕྱིར་བདག་གིས་ནི། །རྩེ་གཅིག་གསོལ་བ་བཏབ་ནས་བསྟོད་ལགས་ཀྱི། །ད་དུང་རེ་བ་མ་ལུས་ལྷུན་ གྱིས་སྒྲུབས། །བཤད་དང་སྒྲུབ་པའི་རྒྱལ་མཚན་སྲིད་པའི་རྩེར། །བསྒྲེངས་ཏེ་བློ་བཟང་རྒྱལ་བའི་བསྟན་པ་མཆོག་རང་གི་རྒྱུད་ལ་སྤེལ་བར་བྱེད་པ་ལ། །བར་དུ་གཅོད་པའི་ལས་ཀུན་ཞི་བར་མཛོད། །བདག་ལ་བལྟོས་ཤིང་བསྲུང་བའི་སྐྱེ་བོ་ རྣམས། །ཚེ་རབས་ཀུན་ཏུ་མགོན་པོ་ཁྱོད་ཉིད་དང། །མི་འབྲལ་ཁྱེད་དང་བླ་མ་དབྱེར་མེད་དུ། །ལེགས་པར་བལྟས་ནས་རྫོགས་སངས་རྒྱས་གྱུར་ཅིག། ཅེས་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་བསྟོད་པ་དགོས་འདོད་བུམ་བཟང་ཞེས་བྱ་བ་འདི་ནི་འཇམ་ [016B] །ཤུབྷཾ།། ༈ ཨྱཻ་ཀྱཻ་གཤིན་རྗེ་གཤེད་ནག་བླ། །སྲིན་པོའི་གཟུགས་ཆེན་རང་བཞིན་ ཁྱོད། །བདག་གིས་ཁྱོད་མཐོང་ཤིན་ཏུ་འཇིགས། །ཁྲོས་པའི་རང་བཞིན་འདི་མཐོང་མཛོད། །མཐོ་རིས་ས་སྟེང་ས་འོག་བཅས། །ཁྱོད་ཀྱི་གར་གྱིས་གཡོས་པར་མཛད། །ཨ་ཛ་ནག་པོ་བཅག་འདྲ་ཡི། །ཁྲོ་ཁྱོད་རོ་ལངས་བཞིན་གར་མཛོད། །རྣམ་པ་སྣ་ ཚོགས་སྤྲུལ་བྱ་ཞིང། །མདངས་གནག་ཚད་ནི་ཐུང་བ་ལ། །བདེ་ཆེན་ངོ་བོ་ཁྱོད་གར་མཛོད། །རྡོ་རྗེ་དབྱངས་ཅན་མ་གསོལ་འདེབས། །ཧྲཱི་ཥྚྲཱི་འི་སྔགས་དང་གར་གྱིས་ཁྱོད། །སྲིད་པ་གསུམ་གྱི་འཁྲུལ་པ་ཆོད། །སྙིང་རྗེས་ཁྲོས་པའི་དད་སྒྲོལ་གར། ། འགྲོ་བས་མཐོང་ན་ངོ་མཚར་འགྱུར། །དེ་ཕྱིར་ཁྱོད་གར་བལྟ་བ་དང། །བདུད་ཀྱི་དཀྱིལ་འཁོར་བསྲེག་པའི་ཕྱིར། །ཤེས་རབ་སྙིང་རྗེ་ཁྲོས་པ་ཁྱོད། །རབ་ཏུ་འབད་པས་བསྟོད་པར་བགྱི། །ལས་བཞི་གྲུབ་ཆེན་བརྒྱད་པོ་དང། །ཕྱག་རྒྱ་ཆེན་པོའི་གོ་ འཕང་མཆོག་སྒྲུབ་དང་སྒྲུབ་ཕྱིར་བསྟོད་ལགས་ཀྱི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །དབྱངས་ཅན་ལྷ་མོའི་གླུ་དབྱངས་དང། །ལྷན་ཅིག་མེ་ཏོག་ཆར་བསྙིལ་ཏེ། །ཕྱོགས་དུས་རབ་འབྱམས་ཇི་སྙེད་པ། །བཀྲ་ཤིས་རྒྱ་མཚོས་ཁྱབ་པར་མཛོད།། ཅེས་་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྟོད་པ་རྔམས་པའི་འབྲུག་སྒྲ་ཞེས་བྱ་བ་འདི་ནི་སའི་སྟེད་ན་མཚུངས་པའི་ཟླ་ཐམས་ཅད་དང་བྲལ་བ་གསང་སྔགས་རྒྱུད་པ་གྲྭ་ཚང་གི་རིག་པ་འཛིན་པའི་འདུས་སྡེ་ཆེན་པོའི་ཐུགས་དམ་རྟེན་དུ་་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ་ཞིག་ལྕགས་གསུམ་ལས་བཞེངས་ཏེ་ཕུལ་སྐབས། སྔགས་ [017A]༄༅། །པ་མཆོད་དཔོན་པ་དཀའ་བཅུ་བློ་བཟང་སྦྱིན་པས་དེའི་བསྟོད་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བས་མཚམས་སྦྱར་ཞིང། ་རང་ཉིད་ཀྱང་མོས་པ་ཆེན་པོས་བསྐུལ་ཏེ་འགྲོ་བས་མཐོང་ན་ངོ་མཚར་འགྱུར་ཞེས་པ་ཡན་ཆོད་དགྲ་ནག་གི་རྒྱུད་དང། ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང་རིན་ཆེན་འབར་བ་ སོར་བཞག་ཅིང་མཇུག་ཏུ་སྨོན་ཚིག་གསར་བསྒྲིགས་དང་བཅས་ཏེ་་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བ་དོན་འགྲུབ། བཀྲ་ཤིས།། ༈ མི་འགྱུར་བདེ་ཆེན་ཕྱག་རྒྱ་ཆེན་པོ་དང། །ལྷན་ཅིག་མཉམ་པར་ སྦྱར་བས་སྟོང་གཟུགས་སྐུ། །མཚན་དཔེའི་དཔལ་འབར་འཇའ་ཚོན་ལྟར་བཀྲ་བའི། །དང་པོའི་སངས་རྒྱས་ཁྱོད་ཀྱིས་དགེ་ལེགས་སྩོལ། །འོད་ཟེར་སྟོང་ཕྲག་བྱེ་བ་བརྒྱ་འབར་ཞིང། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། །སྐད་ ཅིག་དྲན་པ་ཙམ་གྱིས་སྩོལ་མཛད་ཅིང། །གནས་སྐབས་རིགས་བཞིའི་སྒྲིབ་ལས་སྐྱོབ་ལ་བསྟོད། །ཕྱི་དང་ནང་དང་གཞན་གྱི་དུས་འཁོར་ལོ། །ཡོངས་རྫོགས་རྒྱུ་སྐར་བདག་པོའི་དཀྱིལ་འཁོར་སྙིང། །སྐུ་གསུང་ཐུགས་ཀུན་གཅིག་ཏུ་བསྡུས་པའི་ ལྷ༑ ༑བཅོམ་ལྡན་གཉིས་མེད་དུས་འཁོར་ལ་ཕྱག་འཚལ། །དེ་ལྟར་ཁྱོད་ལ་བསྟོད་ཅིང་མཆོད་པའི་མཐུས། །དགྲ་དང་གླང་ཆེན་སེངྒེ་ལ་སོགས་དང། །ཁྱད་དགའ་ལ་སོགས་ཕྱི་ནང་འཇིགས་པ་ཀུན། །བདག་ལ་ཡོངས་སུ་བསྐྱབ་པར་མཛད་དུ་ གསོལ། །འོག་མིན་མཐར་ཐུག་དངོས་གྲུབ་ཐམས་ཅད་དང། །འཇིག་རྟེན་ལས་འདས་མཆོག་མི་འགྱུར་བ་ཡི། །བྱེ་བ་ཕྲག་བརྒྱའི་དངོས་གྲུབ་མ་ལུས་པ། །བདག་ལ་ཐོགས་པ་མེད་པར་སྩལ་དུ་གསོལ། །རྣལ་འབྱོར་མ་སོགས་སྲུང་མའི་ཚོགས་ [017B] །ཁྲོ་བ་བཅུ་ཡིས་རྟག་ཏུ་སྐྱོང་བ་དང། །བདུད་དང་འབྱུང་པོ་མ་ལུས་རྩད་ནས་ཆོད། །མེ་ཏོག་ཆར་དང་ལྷན་ཅིག་བཀྲ་ཤིས་སྩོལ། །གཞན་ཡང་རྡོ་རྗེའི་རིགས་ལྡན་ཐམས་ཅད་དང། །བྱང་ཆུབ་སེམས་དཔའ་བཙུན་མོའི་ཚོགས་དང་ བཅས། །ཀུན་གྱིས་བཀྲ་ཤིས་མེ་ཏོག་དང་བཅས་ཏེ། །ཤིས་པ་རྒྱ་མཚོ་ཅིར་ཡང་བཞད་པར་མཛོད།། ཅེས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ་བསྟོད་པ་འདི་ནི་དུས་འཁོར་གྱི་སྣང་བརྙན་གསར་བཞེངས་བགྱིས་ཏེ་ཆོག་གྲྭ་པ་རྣམས་ལ་ཕུལ་སྐབས་དེ་ལ་གསོལ་བ་འདེབས་བ་འདི་ལྟ་ བུ་ཞིག་དགོས་ཞེས་དུས་འཁོར་མཆོད་དཔོན་པ་དྲུང་རམ་པ་བློ་བཟང་རྣམ་རྒྱལ་གྱིས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ བསླུ་མེད་སྐྱབས་གནས་མཆོག་གྱུར་དཀོན་མཆོག་གསུམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་ མའི་ཚོགས། །བྱང་སེམས་ཉན་རང་དགྲ་བཅོམ་མ་ལུས་པས། །བདེན་པའི་བྱིན་ཆེན་ཆར་དུ་བསྙིལ་བར་མཛོད། །བདག་སོགས་རྣམས་ཀྱིས་ཐོག་མ་མེད་དུས་ནས། །བསགས་པའི་སྡིག་ལྟུང་སྤྱི་དང་ཁྱད་པར་ཀུན། །སྙིང་ནས་འགྱོད་པ་དྲག་པོས་ བཤགས་ལགས་ཀྱི། །མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ། །བདག་གིས་ཚེ་རབས་ཐོག་མེད་ནས་བསགས་པའི། །སྡིག་པ་སྒྲིབ་པ་བག་ཆགས་བཅས་པ་ཀུན། །བྱང་ཞིང་དག་སྟེ་ཚོགས་གཉིས་ཡོངས་རྫོགས་ནས། །བླ་ན་མེད་པའི་ བྱང་ཆུབ་ལ་རེག་ཤོག་ཚེ་འདིར་བསམ་དོན་མ་ལུས་ཆོས་བཞིན་དུ། །ལེགས་པར་འགྲུབ་ཅིང་ཕྱི་མའི་དུས་སུའང། །དག་པའི་ཞིང་མཆོག་བདེ་བ་ཅན་སྐྱེས་ཏེ། །བླ་མེད་ཆོས་ལ་སྤྱོད་པའི་སྐལ་ལྡན་ཤོག་དེ་ནས་མ་དག་ཞིང་ཁམས་མུ་མེད་དུ།། [018A]༄༅། །འཕྲུལ་སྒྱུར་བྱེ་བ་ཕྲག་བརྒྱས་རབ་ཕྱིན་ཏེ། །རྨོངས་པའི་སྐྱེ་བོ་ཀུན་གྱི་སྡིག་ལྟུང་ཀུན། །ལྷག་མ་མོད་པར་བྱང་བའི་བཀའ་དྲིན་སྩོལ།། ཞེས་པ་འདི་ནི་མཚོ་སྔོན་ཕྱག་རྡོར་པས་སེའི་ནི་སྣ་སྦའི་ཐན་ཏཱ་ཕུན་ཚོགས་ཀྱིས་བསྐུལ་བ་ལྟར་་ཤཱཀྱའི་བཙུན་པ་བློ་བཟང་ དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ དཔལ་ལྡན་བླ་མ་དམ་པ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ངག་དབང་བྱམས་པ་རིན་པོ་ཆེར་བསྟོད་པའི་རབ་ཏུ་བྱེད་པ་ཐུགས་ རྗེའི་པདྨོ་རྒྱས་པར་བྱེད་པའི་ཉི་མ་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་སྐྱེ་བ་ཐམས་ཅད་དུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྗེས་སུ་བཟུང་དུ་གསོལ། །ཐུགས་རྗེའི་འོད་ཟེར་བྱེ་བ་ཕྲག་བརྒྱའི་དཔལ། །ཀུན་ ནས་འགྱེད་ལ་མཚུངས་པའི་ཟླ་ཀུན་དང། །རབ་བྲལ་རྒྱལ་བ་ཀུན་དངོས་རྡོ་རྗེ་འཆང། །དཔལ་ལྡན་བླ་མ་ཁྱོད་ནི་རྒྱལ་གྱུར་ཅིག་ནམ་མཁས་ཁྱབ་པའི་ཞིང་ཁམས་ཇི་སྙེད་པར། །ཐུགས་རྗེས་ཁྱབ་པའི་གནས་སུ་སྤྲུལ་པའི་སྐུ། །སྟོན་ཅིང་ཁྱད་པར་བདག་ ཅག་རྣམས་ཀྱི་མགོན། །དམ་པར་སྤྲུལ་མཛད་ཁྱོད་ལ་གསོལ་བ་འདེབས། །ཁྱོད་ནི་ཡུམ་གྱི་མངལ་ལས་ཤར་ཕྱོགས་ཡུལ། །འཁྲུངས་ཙམ་ཉིད་ནས་འཇིག་རྟེན་རྒུད་པ་ཀུན། །ཅིག་ཅར་བྲལ་ཞེས་སྙན་པའི་ང་རོ་ཡིས། །རབ་ཏུ་ཁྱབ་པར་མཛད་ལ་ གསོལ་བ་འདེབས། །མི་གཙང་རུམ་དང་ལྷན་ཅིག་བག་མེད་ཀྱི། །སྤྱོད་པ་ཐམས་ཅད་བག་ཡོད་བདུད་རྩིའི་ཆུས། །བཀྲུས་ནས་བརྟུལ་ཞུགས་ཡོངས་རྫོགས་གོས་བཟང་གིས། །རབ་ཀླུབས་མགོན་པོ་ཁྱོད་ལ་གསོལ་བ་འདེབས། །སྙིང་རྗེ་ཆེན་པོ་ལན་ [018B] །སྙིང་གི་མཛོད་དུ་བཅངས་པས་དུས་དེར་ཡང། །རྒྱལ་སྲས་སྤྱོད་དང་འགྲོ་བའི་སྡུག་བསྔལ་ལ། །ཆེར་གཡོའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས། །ཚུལ་ཁྲིམས་སྤྱོད་པ་དྲི་མ་མེད་པ་དང། །ལན་བརྒྱར་འགྲོགས་པའི་ཆུང་ དུའི་གནས་སྐབས་ནས། །ཁྱིམ་གྱི་བདེ་འབྱོར་མེ་འོབས་ལྟར་གཟིགས་པས། །རྒྱལ་བའི་བསྟན་པར་ཞུགས་ལ་གསོལ་བ་འདེབས། །རབ་ཏུ་བྱུང་ཙམ་ཉིད་ནས་རྣམ་དག་གི་སྡོམ་མཆོག་གིས་བསྡམས་གནས་བརྟན་ཉེ་བ་འཁོར། །གང་གི་བརྟུལ་ཞུགས་ འཛིན་ཁྱོད་རྒྱལ་བའི་བསྟན། །བདག་པོར་འགྱུར་ཞེས་བསྔགས་ལ་གསོལ་བ་འདེབས། །དཀྱིལ་འཁོར་ཀུན་གྱི་སྤྲོ་བྱེད་གཤིན་རྗེའི་གཤེད། །བཅུ་གསུམ་འཁོར་ལོར་ཡོངས་སྨིན་དུས་དེ་ནས། །བདུད་སྡེའི་དཔུང་ཚོགས་མ་ལུས་དྲུངས་འབྱིན་པའི། །མཐུ་ སྟོབས་ཆེར་བརྙེས་ཁྱོད་ལ་གསོལ་བ་འདེབས། །དབུས་གཙང་ལྗོངས་ཀྱི་ཡུལ་དུ་བཀྲ་ཤིས་རིས། །མངོན་པར་བཀྲ་བའི་ཞབས་སེ་ན་ཉེར་བཀོད་དེ། །མཁས་མང་རྒྱ་མཚོའི་དབུས་ན་རྣམ་དཔྱོད་དང། །ཚུལ་ཁྲིམས་དཔལ་གྱིས་ཕྱུག་ལ་གསོལ་བ་འདེབས་ འཕགས་ནོར་བདུན་གྱིས་ཀུན་ནས་སྤྲས་བཞིན་དུ། །རང་གཞན་གྲུབ་མཐའ་སྤྱི་དང་ཁྱད་པར་བ། །ཀུན་གྱི་བཀའ་གནད་རིགས་ལམ་ཕྲ་མོ་ནས། །འབྱེད་ལ་ཟླ་བྲལ་ཁྱོད་ལ་གསོལ་བ་འདེབས། །ཕ་རོལ་ཕྱིན་དང་དབུ་མའི་གཞུང་ལུགས་དང། །འདུལ་མངོན་ ཚད་མའི་ལེགས་པར་བཤད་རྒྱ་མཚོ། །བརྒལ་བརྟག་སྐྱོར་ངག་རིགས་པ་བརྒྱ་ཕྲག་གིས། །འབྱེད་མཁས་རྗེ་བཙུན་བླ་མར་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་དགེ་ལེགས་རྒྱ་མཚོའི་དཔལ། །རིགས་ཀྱི་ཅོད་པན་དུ་བཟུང་བདེ་གཤེགས་དང། །རྒྱལ་ [019A]༄༅། །སྲས་ཀུན་གྱི་ཐུགས་དམ་མཐིལ་མཆོག་སེམས། །རྟག་ཏུ་གོམས་པར་མཛད་ལ་གསོལ་བ་འདེབས། །རྒོལ་ངན་ཚར་བཅད་ལེགས་བཤད་དབྱངས་བསྒྲགས་ནས། །ཆོས་ཀུན་རྨི་ལམ་དྲི་ཟའི་གྲོང་ལྟ་བུར། །རབ་གཟིགས་དཔེན་ པའི་གནས་སུ་གནས་ལུགས་དོན། །རྟག་ཏུ་བསྒོམ་པར་མཛད་ལ་གསོལ་བ་འདེབས། །སྙིང་རྗེའི་སྐྱ་རེངས་ཁ་ལོས་ཉེར་དྲངས་པའི། །བྱང་སེམས་བདེན་སྟོང་གིས་ཟིན་ཀུན་རྫོབ་དང། །དོན་དམ་ཟུང་འཇུག་ལམ་ལ་རྟག་གོམས་པའི།། རྩེ་གཅིག་ཏིང་འཛིན་བརྙེས་ལ་གསོལ་བ་འདེབས། །རིམ་པ་དང་པོའི་མཉམ་གཞག་ཏིང་འཛིན་རྒྱར། །ཆོས་ཀུན་བསྡོམས་པས་དག་པའི་སྣོད་བཅུད་གཟིགས། །ནག་ཕྱོགས་ཀུན་བཅོམ་བསྟན་སྲུངས་བྲན་དུ་འཁོལ། །རྡོ་རྗེ་འཛིན་པའི་གཙོ་ལ་ གསོལ་བ་འདེབས། །རྫོགས་རིམ་ལྷན་སྐྱེས་དགའ་བའི་རོལ་མོའི་སྒྲས། །བདེ་གཤེགས་མ་ལུས་དབུ་མའི་མཁའ་ཡི་དབྱིངས། །ཡོངས་དག་འོད་གསལ་ལས་འོངས་མཚན་དཔེའི་སྐུ། །རབ་འབར་གྲུབ་པའི་དབང་པོར་གསོལ་བ་འདེབས། །ཆོས་ཀྱི་ རྒྱལ་པོ་བློ་བཟང་གྲགས་ལ་སོགས། །སངས་རྒྱས་བྱང་སེམས་བྱེ་བ་བརྒྱ་སྙེད་ཀྱིས། །ལན་ཅིག་མིན་པར་ཞལ་གཟིགས་བྱིན་གྱིས་བརླབས། །དབང་བསྐུར་མཆོག་བརྙེས་ཁྱོད་ལ་གསོལ་བ་འདེབས། །དམ་ཆོས་འདུལ་བའི་ཕྱག་ལེན་ཕྲ་མོ་ནས། །མི་སློབ་ཟུང་ འཇུག་རྡོ་རྗེ་འཆང་གི་བར། །ཉམས་ལེན་གནད་དུ་དྲིལ་ནས་འདོམས་མཛད་པ། །སྙིགས་དུས་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཞིང་ཁམས་འདི་ལས་གཞན་དུ་བྱོན་ནས་ཀྱང། །མཐའ་ཡས་སྤྲུལ་པས་གདུལ་བྱ་འདྲེན་པ་ལ། །ཟླ་དང་བྲལ་ [019B] །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །དུས་འདི་ནས་བཟུང་རྫོགས་སངས་རྒྱས་ཀྱི་བར། །མགོན་ཁྱོད་དགེ་བའི་བཤེས་སུ་ཉེར་བཟུངས་ནས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་བདུད་རྩི་ཆེ། །ལེགས་པར་ཐོབ་སྟེ་དེ་དོན་ཉམས་ ལེན་ཤོག་ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་རྣམས། །མཐར་ཕྱིན་དེ་དང་རིག་པ་འཛིན་པའི་ལམ། །ཉམས་སུ་ལེན་པའི་རབ་ཏུ་བྱུང་བ་དང། །དགེ་སློང་དཔལ་གྱིས་མཛེས་པའི་རྟེན་ཐོབ་ཤོག་རྟེན་མཆོག་དེ་ལ་ལམ་བཟང་དེ་དག་རྣམས། །རབ་ གོམས་མཐུ་ལས་སྐུ་བཞི་ཡེ་ཤེས་ལྔའི། །བདག་ཉིད་ཅན་གྱི་བྱང་ཆུབ་མྱུར་ཐོབ་སྟེ། །འགྲོ་བ་མ་ལུས་ཚུལ་དེར་འགོད་པར་ཤོག་དེ་དག་རྣམས་ལ་བར་དུ་གཅོད་པ་ཡི། །ཕྱི་ནང་ཉེ་བར་འཚེ་ཀུན་དྲུངས་ཕྱིན་ཅིང། །བསམ་པ་མཐའ་དག་དཔལ་དང་ལྡན་ འགྱུར་བའི། །འཕྲིན་ལས་བཀྲ་ཤིས་དམག་ཟོར་རྒྱལ་མོས་སྩོལ།། ཅེས་དཔལ་ལྡན་བླ་མ་དམ་པ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ངག་དབང་བྱམས་པ་རིན་པོ་ཆེར་བསྟོད་པའི་རབ་ཏུ་བྱེད་པ་དད་པའི་པདྨོ་རྒྱས་པར་བྱེད་པའི་ཉི་མ་ ཞེས་བྱ་བ་འདི་ནི་རྗེ་བཙུན་བླ་མ་བཀའ་དྲིན་མཚུངས་མེད་དམ་པ་དེ་ཉིད་ལ་མི་ཕྱེད་བའི་དང་བས་རང་ཉིད་ཀྱང་རྩོམ་འདུན་ཆེ་བར་མ་ཟད། གང་གི་ཞལ་སློབ་སྐྱིད་གྲོང་བླ་མ་དགེ་བའི་བཤེས་གཉེན་དགེ་སློང་ཡེ་ཤེས་རྒྱལ་མཚན་ནས་ཀྱང་བསྐུལ་བ་ལྟར་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་སློབ་མར་གྱུར་བ་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ ཀྱིས་དང་བ་ཆེན་པོས་སུག་བྲིས་སུ་བགྱིས་པའོ། །མངྒ་ལཾ།། ༈ ཕུན་སུམ་ཚོགས་ཀུན་འདུས་པ་ཡི། །བླ་མ་ལྷ་ཚོགས་ཐམས་ཅད་དང། །ཁྱད་པར་མན་ངག་སྙན་བརྒྱུད་ཀྱི། །དྲིན་ཅན་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་ཀུན་སྤྲོ་དང་བསྡུ་བའི་གཞི། །ཁྱབ་ [020A]༄༅། །བདག་རྡོ་རྗེ་འཆང་དབང་དང། །ཟུང་འཇུག་མངོན་གྱུར་བློ་བཟང་གྲགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཁས་གྲུབ་ཆོས་ཀྱི་རྒྱལ་པོ་དང། །སྲས་ཀྱི་ཐུ་བོ་བ་སོ་རྗེ། །སྒྱུ་ལུས་མཆོག་བརྙེས་ཆོས་རྡོ་རྗེ། །གསོལ་བ་འདེབས་སོ་ བྱིན་གྱིས་རློབས། །གྲུབ་དབང་བློ་བཟང་དོན་ཡོད་གྲུབ། །མཁས་མཆོག་སངས་རྒྱས་ཡེ་ཤེས་དང། །རྗེ་བཙུན་བློ་བཟང་ཆོས་རྒྱན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དཀོན་མཆོག་རྒྱལ་མཚན་གྲུབ་པའི་རྗེ། །བློ་བཟང་ཡེ་ཤེས་རྡོ་རྗེ་ འཆང། །གྲུབ་དབང་ངག་དབང་བྱམས་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྗེ་བཙུན་བློ་བཟང་བཟོད་པ་དང། །ཁྱད་པར་དྲིན་ཅན་བླ་མ་མཆོག་བློ་བཟང་དཔལ་ལྡན་ཡེ་ཤེས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དེ་ལྟར་ གསོལ་བ་བཏབ་པའི་མཐུས། །ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང། །སྐུ་བཞིའི་དབང་ཕྱུག་ལེགས་ཐོབ་ནས། །འགྲོ་ཀུན་འདྲེན་པའི་དཔལ་འགྱུར་ཤོག། ཅེས་པ་འདི་ནི་ཁྲོན་པ་སྤུགས་དཀའ་ཆེན་བློ་བཟང་དཔལ་འབྱོར་དང་དྲུང་རམ་པ་བློ་བཟང་རབ་རྒྱས་གཉིས་ཀྱིས་བླ་ མ་མཆོད་པའི་བླ་བརྒྱུད་གསོལ་འདེབས་ཞིག་དགོས་ཞེས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ དོན་དམ་སྐྱེ་བགག་གནས་གསུམ་བརྗོད་བྱ་དང། །ཡོངས་བྲལ་ཡེ་ཤེས་ལས་འོངས་མཚན་དཔེའི་སྐུ། །རབ་ རྫོགས་ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཡི། །བདག་ཉིད་རིགས་ཀུན་བདག་ཁྱོད་གཙུག་ན་རྒྱལ། །གསང་གསུམ་སྒྱུ་འཕྲུལ་རྣམ་པའི་ཁྱད་པར་ཀུན། །རང་རང་ལྷ་ཡི་རོལ་པར་ཤར་བའི་མདངས། །ཅིར་ཡང་འཆར་ལས་ཆོ་འཕྲུལ་བཀོད་པའི་ [020B] །གཟུགས་སུ་འདུ་མཛད་བླ་མ་ལྷ་ཡིས་སྐྱོངས། །མཁྱེན་བརྩེ་མཐུ་སྟོབས་འཆི་མེད་ལྷ་ཡི་ཚོགས། །གཅིག་ཏུ་རྒྱལ་བ་ཀུན་ལས་ཡོངས་བསྡུས་པ། །འཇམ་པའི་དབྱངས་དང་དཔལ་ལྡན་གསང་བའི་བདག་བླ་མ་ཚེ་དཔག་མེད་ལ་གསོལ་བ་ འདེབས། །སངས་རྒྱས་ཀུན་གྱི་འཕྲིན་ལས་ལྷ་མོ་དང། །བཀའ་གདམས་སྐྱབས་ཀུན་ལྷ་བཞིར་དྲིལ་བའི་དཔལ། །བདུད་དཔུང་འཛོམས་མཛད་བློ་བཟང་གཤིན་རྗེ་གཤེད། །དབྱེར་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །དེ་ལྟར་ལྷ་མཆོག་སྤྲུལ་པར་ བཅས་པ་ལ། །གསོལ་བ་བཏབ་པས་ཁྱབ་བདག་རྡོ་རྗེ་འཆང། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཞབས། །སྐུ་ཚེ་རབ་བརྟན་འཕྲིན་ལས་ཡར་རྒྱས་མཛོད། །སྤྱན་རས་གཟིགས་དབང་སྤྲུལ་པའི་རྣམ་རོལ་ལས། །རབ་ཤར་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་ ཞིང༑ ༑མི་ཤིགས་རྡོ་རྗེའི་ཁམས་སུ་རབ་བསྒྲུབས་ནས། །ཆོས་ཀྱི་རྔ་ཆེན་རྟག་ཏུ་སྒྲོག་པར་ཤོག་འདུལ་བའི་ཁྲིམས་བཟང་རྣམ་རིག་དབུ་མའི་གཞུང། །ཆོས་ཀྱི་གྲགས་པའི་རིགས་ལམ་བཟང་པོ་ཡིས། །རབ་བརྒྱན་ཟླ་དང་བྲལ་བའི་བཤད་རྩོད་ཀྱི། །གདུགས་དཀར་ འོག་མིན་མཐར་ཐུག་བསྒྲེང་བར་ཤོག་དེ་དང་ལམ་བཟང་རྡོ་རྗེ་ཐེག་པའི་བཅུད། །སྙིང་པོར་དྲིལ་བའི་རྡོ་རྗེའི་ལམ་བཟང་གིས། །སྐུ་གསུམ་གོ་འཕང་ཚེ་འདིར་བདེ་བླག་ཏུ། །ཐོབ་པའི་བཀྲ་ཤིས་དགའ་སྟོན་ཅིར་ཡང་སྩོལ།། ཅེས་རྒྱལ་བ་ཀུན་གྱི་བདག་ཉིད་འཇམ་དཔལ་ཞི་ཁྲོ་ མགོན་པོ་ཚེ་མཐའ་ཡས་པ། །སེང་ལྡེང་ནགས་ཀྱི་སྒྲོལ་མ། བཀའ་གདམས་ལྷ་བཞི། གསང་བའི་བདག་པོ་རྣམས་ལ་གསོལ་བ་འདེབས་ཤིང་བདེན་ཚིག་བརྗོད་པ་འདི་ནི་མེ་ཕག་ལོ་ལྷ་དེ་དག་གི་སྣང་བརྙན་བྱིན་རླབས་ལས་བསྒྲུབས་ཏེ་དགེ་འདུན་འདུས་པ་རྒྱ་མཚོར་ཕུལ་སྐབས་དགེ་སྐོས་ཆེན་མོ་རབ་འབྱམས་པ་བློ་བཟང་ [021A]༄༅། །བརྟན་པས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ ཕྱག་ན་རྡོ་རྗེ་ཤམྦྷ་ལའི་ཡུལ་དུ། །ཆོས་ཀྱི་རྒྱལ་པོས་རྣམ་རོལ་ཟླ་བ་བཟང། །རྡོ་རྗེ་དང་ནི་དྲིལ་འཛིན་ནམ་མཁའི་མདོག་རབ་ འཛིན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཆོས་ཀྱི་རྒྱལ་པོ་ལྷ་ཡི་དབང་ཕྱུག་ཆེ། །སྐུ་མདོག་དཀར་གསལ་ཕྱག་གཉིས་པད་དཀར་འཛིན། །བློ་གྲོས་མི་བཟད་ནམ་མཁའི་མཐའི་དང་མཚུངས། །སྟོབས་དང་ལྡན་པ་ཁྱོད་ལ་གསོལ་བ་འདེབས། །གཟི་བརྗིད་ མཐའ་ཡས་ཆོས་ཀྱི་རྒྱལ་པོ་ཆེ། །སྐུ་མདོག་དམར་སེར་མཉམ་གཞག་ཕྱག་རྒྱ་ཅན། །འགྲོ་བ་ཀུན་ལ་དེས་ལེགས་མཆོག་སྩོལ་བ། །སྟོང་གཟུགས་འགྱུར་མེད་མཉམ་སྦྱར་ཁྱོད་ལ་འདུད། །ཟླ་བས་བྱིན་ཞེས་ཡོངས་གྲགས་རྒྱལ་པོ་ཆེ། །ཧ་ཧ་བཞད་ཅིང་དགྲ་སྟ་ཐོབ་ཐོགས་ སྔོ་ནག་མདོག་ཅན་སྐྱིལ་ཀྲུང་གིས་བཞུགས་པ། །ཆོས་དང་རབ་ལྡན་ཁྱོད་ལ་གསོལ་བ་འདེབས། །ལྷ་ཡི་དབང་ཕྱུག་ཅེས་གྲགས་སྟོང་གཟུགས་ཀྱིས། །རབ་རོལ་ཐོ་བ་པདྨ་དཀར་པོ་ཐོགས། །དཀར་དམར་མདངས་ཆགས་འགྲོ་ལ་དབུགས་དབྱུང་དག་སྦྱིན་མཁས་ཆོས་ ཀྱི་རྒྱལ་པོར་གསོལ་བ་འདེབས། །བྱང་སེམས་ས་བཅུའི་དབང་ཕྱུག་སྟོབས་དང་ལྡན། །དབྱུག་བ་རྩེ་གསུམ་སྤྲུལ་གྱིས་དཀྲིས་པ་འཛིན། །འགྲོ་བ་ཀུན་ལ་ཕན་པའི་ལམ་སྟོན་པ། །ཆོས་ཀྱི་རྒྱལ་པོ་སྣ་ཚོགས་གཟུགས་ལ་འདུད། །ལྷ་ཡི་དབང་ལྡན་ཞེས་གྲགས་ཆོས་ཀྱི་ རྒྱལ། །ནོར་བུ་པད་འཛིན་འགྲོ་ལ་དབུགས་དབྱུང་སྩོལ། །མཐའ་དག་འགྲོ་ལ་ལམ་བཟང་སྦྱིན་མཛད་པ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས།། ཞེས་ཆོས་རྒྱལ་རིགས་ལྡན་བདུན་གྱི་བསྟོད་པ་འདི་ནི་དུས་འཁོར་ཆོག་གྲྭ་བ་དཀའ་ཆེན་ཡེ་ཤེས་རྣམ་རྒྱལ་གྱིས་བསྐུལ་བ་ [021B]། ༈ །སངས་རྒྱས་ཀྱི་དགོངས་ཟབ་གྲགས་པའི་དཔལ། །མན་ངག་བཞིན་ཀུན་ལ་འདོམས་མཛད་པ། ། བློ་བཟང་དཔལ་ལྡན་ཡེ་ཤེས་ལ་གསོལ་བ་འདེབས།། ཞེས་པ་འདི་ནི་སྔགས་རམ་པ་བློ་བཟང་བཟང་པོས་ཕྱག་ཆེན་གསོལ་འདེབས་ཀྱི་བླ་བརྒྱུད་གྲས་སུ་འཇུག་རྒྱུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ སུ་གྱུར་ཅིག་འདིར་བླ་མ་ལ་བཀའ་དྲིན་དྲན་པའི་སྒོ་ནས་གསོལ་བ་འདེབས་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ། སེམས་ཅན་ཐམས་ཅད་ལ་དམིགས་པའི་བྱམས་པ་དང་སྙིང་རྗེའི་དམིགས་རྣམ་ལེགས་པར་གསལ་བཏབ་ལ་འདི་ལྟར་ འདོན་ཏེ། མདུན་གྱི་ནམ་མཁར་རིན་ཆེན་འབར་བའི་ཁྲི། །པདྨ་ཟླ་ཉི་དར་ཟབ་ཀྱིས་སྤྲས་པ། །དེ་ཡི་སྟེང་དུ་རྩ་བའི་བླ་མ་མཆོག་རང་གིས་ཇི་ལྟར་མཇལ་པའི་ཚུལ་བཞིན་བཞུགས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་ སྐྱོང་བསྲུང་མའི་ཚོགས་དང་བཅས་པ་འདུས་པའི་བདག་ཉིད་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཇི་ལྟར་རིགས་པར་གསོལ་བ་བཏབ་རྗེས། སྙིང་ཐག་པ་ནས་གསོལ་བ་འདེབས་ཚུལ་འདི་ལྟར་བརྗོད་ དེ༑ དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་འབྱུང་གནས། །རབ་འབྱམས་འཕགས་ཚོགས་འདུས་པའི་བདག་ཉིད། །ཐུབ་དབང་བློ་བཟང་རྡོ་རྗེ་འཆང་དངོས། །སྙིགས་དུས་འགྲོ་བ་བདག་འདྲ་རྣམས་ཀྱི། །སྐྱབས་ [022A]༄༅། །ཀྱི་ཕུལ་གྱུར་རྩ་བའི་བླ་མ། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས། །བཀའ་དྲིན་དྲན་པས་གསོལ་བ་འདེབས་སོ། །དྲན་དང་ཤེས་བཞིན་བག་ཡོང་ཐབས་ཀྱིས། །ཚོགས་དྲུག་ཀུན་གཞི་དམ་ཆོས་འདུལ་བའི། །དྲ་བས་བསྡོམས་ པའི་གནས་བརྟན་ཆེན་པོ། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས་སོ། །བདག་ཅག་ཉོན་མོངས་ཆུ་བོ་དྲག་པོས། །རབ་ཏུ་ཁྱེར་བའི་ངང་ཚུལ་དགོངས་ལ། །ཚུལ་ཁྲིམས་དངོས་གྲུབ་མྱུར་དུ་སྩོལ་ ཅིག་རྟེན་འབྲེལ་བཅུ་གཉིས་མཁྱུད་མོས་བཅིངས་པའི། །འགྲོ་བ་ཐམས་ཅད་སྒྲོལ་བའི་ཁུར་ཆེན། །ཕྱག་ཏུ་བསྣམས་པའི་སར་གནས་དཔའ་བོའི། །མངའ་བདག་ཆེན་བ་རྩ་བའི་བླ་མ། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས། །རྩེ་གཅིག་ གུས་པས་གསོལ་བ་འདེབས་སོ། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི། །དངོས་གྲུབ་བྱིན་རླབས་བདེ་བླག་སྩོལ་ཅིག། །ཕྱི་ནང་དེ་ཉིད་བཅུ་ཡི་མངའ་བདག་གང་སྣ་དཀྱིལ་འཁོར་ངོ་བོར་བསྡོམ་ཞིང། །དྲི་བཞིན་དྷཱུ་ཏཱིར་བསྡུས་པའི་སྒྱུ་མ། ། འོད་གསལ་ཟུང་འཇུག་རྡོ་རྗེ་འཛིན་པ། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས། །གསོལ་བ་འདེབས་སོ་བདག་ཅག་རྒྱུད་ལ། །སྙིགས་དུས་ཚེ་འདིར་སངས་རྒྱས་ཐོབ་པའི། །བྱིན་རླབས་དངོས་གྲུབ་དགའ་སྟོན་སྩོལ་ཅིག་ཁྱད་པར་རྒྱལ་བ་ནས་ བཟུང་སྔོན་གྱི། །སྐྱབས་གནས་ཐམས་ཅད་མི་སྣང་བཞུགས་ཚེ། །སྐུ་ཡི་བཀོད་པ་ཉེ་བར་བསྟན་ནས། །འགྲོ་རྣམས་འདུལ་མཛད་བཀའ་དྲིན་མཚུངས་མེད། །རྩ་བའི་བླ་མ་དཔལ་ལྡན་ཡེ་ཤེས། །གསོལ་བ་འདེབས་སོ་དགྱེས་པའི་སྤྱན་གྱིས་ [022B] །དངོས་གྲུབ་བདེ་བླག་ཉིད་དུ་སྩོལ་ཅིག་མགོན་ཁྱོད་བཀའ་དྲིན་ཆེན་པོ་དྲན་ནས། །ལུས་ཀྱིས་ཐལ་སྦྱར་དག་གིས་བསྟོད་བརྗོད། །ཡིད་ཀྱིས་སྐུ་གསུང་ཐུགས་ཀྱི་ཡོན་ཏན། །ལེགས་པར་དྲན་པས་ གསོལ་བ་འདེབས་སོ། །ཁྱོད་མིན་རེ་ས་སྐྱབས་གཞན་མེད་པས། །འདི་དང་ཕྱི་མ་བར་དོ་ཀུན་ཏུ། །ཐུགས་རྗེ་ཆེན་པོའི་ལྕགས་ཀྱུས་བཟུངས་ནས། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་ཅིག་འདས་དང་མ་འོངས་ད་ལྟར་དུས་གསུམ། །བགྱིས་དང་ བགྱིད་འགྱུར་སྡིག་པ་མ་ལུས། །བཤགས་པར་བགྱིད་ཀྱི་དམིགས་པ་མེད་པའི། །དབྱིངས་སུ་སྦྱོངས་ཤིག་རྗེ་བཙུན་བླ་མ། །འདི་ལྟར་བགྱིས་པའི་དགེ་བའི་རྩ་བ། །དེ་ཡི་མཐུ་ལས་བདག་དང་མར་གྱུར། །འགྲོ་བ་ཐམས་ཅད་ཀུན་གྱི་མགོན་དུ།། ཞབས་པད་སྲིད་མཐའ་བར་དུ་བཞུགས་ཤིག་དེ་ཡི་ཐུས་ལས་རིང་པོར་མི་ཐོགས། །མགོན་པོ་ཁྱོད་ཀྱི་གོ་འཕང་ཐོབ་ནས། །ནམ་མཁའི་མཐའ་ཀླས་འགྲོ་བ་ཐམས་ཅད། །གོ་འཕང་མཆོག་དེར་འགོད་པར་ཤོག་ཅིག་ཅེས་གསོལ་བ་བཏབ་པས་ བདག་ཉིད་ལ་ཐིམ་པར་བསྒོམ་མོ།། ཚུལ་འདི་ནི་མངའ་དཔོན་པད་ཚལ་བ་ཕུན་ཚོགས་རྣམ་རྒྱལ་གྱིས་བསྐུལ་བ་ལྟར་གཡར་ཁྲལ་ཙམ་དུ་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་སངྒྷཱ་ཡ། སྲིད་ ཞིའི་འཆིང་བའི་དྲ་བ་ཀུན་བཅད་ནས། །སྲིད་ལ་ལྷག་པར་བརྩེ་བས་ཞི་མཐའ་གནོན། །རྡོ་རྗེ་འཆང་དངོས་གྲུབ་དབང་མཆོག་གྱུར་པ། །མཁས་གྲུབ་ལེགས་པ་དོན་གྲུབ་སྦྱི་བོར་མཆོད། །མགོན་ཁྱོད་ཆུ་ནང་མཁའ་ཡི་ཟླ་གཟུགས་བཞིན། །ཅིར་ [023A]༄༅། །ཡང་འཆར་པའི་སྒྱུ་འཕྲུལ་མཐའ་ཡས་པ། །སར་གནས་དཔའ་བོས་བརྗོད་ཀྱང་ངལ་འགྱུར་ན། །བདག་ཅག་རྣམས་ཀྱིས་ཅི་ཞིག་ལྟར་ཏུ་བརྗོད། །འོན་ཀྱང་དད་པའི་དབྱངས་སྙན་དང་བཅས་ཏེ། །དཔལ་ལྡན་ཡོན་ཏན་བྱེ་བའི་ བདག་ཉིད་ཀྱི། །བསྟོད་ཚིག་མེ་ཏོག་འཐོར་འདི་བདག་གིས་ནི། །སྒྲུབ་པའི་མཆོད་སྤྲིན་གདུགས་དཀར་སླད་དུ་ལགས། །བདེ་གཤེགས་ཤཱཀྱའི་རྒྱལ་པོ་མི་མཛེད་འདིར། །དགེ་ལེགས་ཆོ་འཕྲུལ་སྣང་བྱེད་འབུམ་འགྱེད་ཚེ། །བློ་བཟང་པདྨའི་ ངད་ཀྱི་ཟིལ་མངར་བཅུད། །རབ་འཐུངས་སར་གནས་དགའ་བའི་ཏོག་ལ་འདུད། །དྲི་བཞོན་གསལ་རིག་གོད་བུའི་རྨོངས་བྱེད་ལྐོགས། །གཉིས་སྤངས་གྲོང་དུ་སྟོང་ཉིད་ཀུན་ཏུ་རུ། །ལྷན་ཅིག་ཆུ་གྲིས་བྲེགས་པའི་ཟུང་འཇུག་བདག་རྣལ་འབྱོར་ དབང་ཕྱུག་དཔལ་འབྲས་རྡོ་རྗེར་འདུད། །རིན་ཆེན་སེམས་མཆོག་དོན་དམ་ཀུན་རྫོབ་གཉིས། །རྟག་ཏུ་གོམས་པས་སྣང་ཤས་ཟིལ་མནན་ཏེ། །ཆོས་ཀུན་སྙིང་རྗེའི་རྒྱ་ཡིས་ཐེབས་གྱུར་པ། །བཀའ་གདམས་སྲོལ་འབྱེད་སྒོམ་པ་ལ་འདུད། ། མན་ངག་བདུན་གྱི་བདུད་རྩིའི་ཆུ་རྒྱུན་མངར། །གཅིག་ཏུ་རྣམ་དཔྱོད་སྙིམ་པས་འཐུངས་པའི་ལུས། །རབ་རྫོགས་ཡེ་ཤེས་སྟོབས་ཀྱི་དཔལ་འབར་བ། །ཀེའུ་འབྱུང་གནས་མཚན་ཅན་ཁྱོད་ལ་འདུད། །འདུ་འཛིས་དབེན་བའི་ནགས་ཁྲོད་སྨན་ ལྗོངས་སུ། །བྱང་ཆུབ་སེམས་ལ་མངའ་འབྱོར་ཏིང་འཛིན་གྱིས། །འགྲོ་ལ་ལམ་མཆོག་ཅིར་ཡང་གསལ་མཛད་པ། །ཟླ་བ་རྒྱལ་མཚན་ཞབས་ལ་གུས་པས་འདུད། །སླར་ཡང་རླུང་སེམས་དབྱེར་མེད་ཆེས་ཕྲའི་ཁམས། །ལྷན་སྐྱེས་བདེ་ [023B] །སྒྱུ་འོད་ཟུང་དུ་འཇུག་པའི་ལམ་མཆོག་ཆེ། །མངོན་གྱུར་གཞོན་ནུ་གྲུབ་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་བདག་པོ་འཇམ་པའི་དབྱངས། །བློ་བཟང་དུར་སྨྲིག་གོས་ཅན་གང་གི་སྲས། །གསུང་ལས་སྐྱེས་པའི་ གྲུབ་མཆོག་རྡོ་རྗེ་འཆང། །ངག་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཁྱད་པར་བློ་བཟང་སྙན་བརྒྱུད་གདམས་པ་ཡི། །བདུད་རྩིའི་བུམ་བཟང་ཐུགས་ཀྱི་ཟ་མ་ཏོག་ལེགས་པར་བཅངས་ཏེ་བསྟན་པ་ཡོངས་རྫོགས་པའི། །མངའ་བདག་ ལེགས་པ་དོན་གྲུབ་ཞབས་ལ་འདུད། །སྡེ་བཞིའི་རྒྱ་མཚོའི་ཕ་རོལ་སོན་པ་ཡིས། །རྣམ་དག་སྤོང་བདུན་ནོར་བུའི་དཔྱ་མང་པོ། །སྙིང་གི་བང་མཛོད་ཆུ་ལོན་མཆོག་བརྙེས་པ། །འདུལ་འཛིན་ཀུན་གྱི་མཆོག་གྱུར་ཁྱོད་ལ་འདུད། །སྲིད་གསུམ་སྲིན་ མོའི་བཞད་གང་མཚར་རིག་ནས། །མནར་བྱེད་གསུམ་གྱི་ཞགས་པ་འཛིན་བྱེད་བཅས། །སེམས་མཆོག་ལྷན་ཅིག་གཡོ་མེད་རལ་གྲི་ཡིས། །གཅོད་ཕྱིར་ཤིན་སྦྱངས་བརྙེས་པ་ཁྱོད་ལ་འདུད། །ཆོས་རྣམས་ཀུན་གྱི་གནས་ཚུལ་དེ་ཁོ་ན། །ནམ་མཁའ་ ལྟ་བུར་སྤྲོས་པ་ཀུན་བྲལ་ཡང། །ཀུན་རྫོབ་རྒྱུ་སྐར་ཉི་ཟླའི་ཐིག་ལེའི་སྒེག་དོན་དམ་སེམས་མཆོག་རྒྱལ་པོ་ཁྱོད་ལ་འདུད། །ཐུན་མོང་མིན་པའི་ལྷག་མཐོང་གྲུབ་ཆེན་བརྒྱད། །བྱ་སྦྱོད་རྣལ་འབྱོར་རྒྱུད་སྡེའི་རིམ་པ་བཞིན། །ལེགས་པར་ མཐར་ཕྱིན་དངོས་གྲུབ་རབ་བརྙེས་པ། །རྡོ་རྗེ་འཛིན་པ་ཁྱོད་ལ་གསོལ་བ་འདེབས། །ཐ་མལ་སྣང་ཞེན་ངན་རྟོག་བུད་ཤིང་ཀུན། །སྔགས་ཀྱི་ལྷ་སྐུའི་མེ་ཡིས་སྦྱངས་པའི་མཐུས། །ཕྲ་རགས་དྲན་དང་རྟོག་པའི་རྣལ་འབྱོར་ཀུན། །ཕུལ་དུ་བྱུང་ [024A]༄༅། །བའི་སློབ་དཔོན་ཁྱོད་ལ་འདུད། །ཁྱད་པར་གཤིན་རྗེ་གཤེད་པོའི་ཏིང་འཛིན་གྱིས། །གནོད་སྦྱིན་ལྕམ་བྲལ་དམ་ཅན་སྲིན་པོར་བཅས། །བཀའ་བསྒོས་དམ་ཚིག་ཁས་བླངས་བྲན་དུ་བཀོལ། །མཐུ་སྟོབས་དབང་ཕྱུག་ ཆེན་པོ་ཁྱོད་ལ་འདུད། །ཞུམ་མེད་ལྕགས་སྒྲོག་བརྟན་པོའི་སྒྲ་གཅན་ནང། །གཡོ་བྱེད་ཀུན་ཏུ་རྟོག་བྱའི་དགྲ་སྡེའི་དབུང། །བཅིངས་པས་དངངས་བྱས་རྡོ་རྗེ་འཛིན་པ་ཡང། །ཐལ་མོ་སྦྱོར་བ་ལྷུར་ལེན་ཁྱོད་ལ་འདུད། །དགའ་ལྡན་གནས་སུ་ འཇམ་དཔལ་སྙིང་པོའི་དྲུང། །ངེས་དོན་ཧེ་རུ་ཀ་རུ་རྫོགས་པའི་གར། །ཅིར་ཡང་བསྒྱུར་བའི་ཕྱོགས་བཅུའི་སངས་རྒྱས་རྣམས། །ལེགས་སོའི་ཕྱག་རིང་སྐྱོང་བ་ཁྱོད་ལ་འདུད། །མཐུ་སྟོབས་སྒྱུ་འཕྲུལ་རོལ་པའི་རྣམ་འགྱུར་གྱིས། །དཔལ་ལྡན་ དུས་ཀྱི་འཁོར་ལོའི་རྡོ་རྗེ་འཛིན། །གསེར་གྱི་མྱུ་གུའི་ཁྲི་ལ་ད་ལྟའི་དུས། །འཁོར་ལོས་བསྒྱུར་རྒྱལ་རྣམ་གནོན་ཆེ་ལ་འདུད། །མགོན་ཁྱོད་ནོར་བུའི་གྲོང་ཁྱེར་ཤམྦྷ་ལར། །འཇམ་དཔལ་སྙིང་པོའི་ཆོས་འཁོར་བསྐོར་བ་ཡི། །མདུན་སར་ཕྱིན་ ཏེ་ཐེག་ཆེན་ཆོས་ཀྱི་བཅུད། །རྣམ་དཔྱོད་སྙིམ་པས་ལེགས་པར་འཐུང་དུ་སྩོལ། །ལེགས་བཤད་ཟླ་བའི་འོད་དཀར་ཤར་རིའི་རྩེར། །འཕགས་པ་ཀུན་གྱི་དབུས་ན་འགྲན་ཟླ་དང། །ཡོངས་སུ་བྲལ་བའི་གྲྭ་ཚང་ཆེ་འདི་ཡང། །སྲིད་མཐར་མི་ ནུབ་བཤད་སྒྲུབ་གོང་འཕེལ་ཤོག་མི་ཤིས་རྒུད་པ་ཐམས་ཅད་རིང་བསྐྲད་ནས། །ཤིས་པ་རྒྱ་མཚོ་ཕྱོགས་དུས་ཀུན་ནས་བཀུག་ཆོས་ཀྱི་རྔ་སྒྲའི་བདེ་ལེགས་དང་བཅས་པ། །བཀྲ་ཤིས་དོན་གྲུབ་ཀུན་ནས་འབར་གྱུར་ཅིག། ཅེས་མཁས་གྲུབ་ [024B]། བཀྲ་ཤིས་ ༈ དེ་བཞིན་གཤེགས་པའི་ངེས་གསང་མ་ལུས་པ། །གཅིག་ཏུ་བསྡུས་པ་རྡོ་རྗེ་མི་བསྐྱོད་ལྷ། །ཞལ་གསུམ་ཕྱག་དྲུག་སུམ་ཅུ་སོ་གཉིས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །མགོན་ཁྱོད་རྒྱུད་སྡེའི་གནས་ཚུལ་ རབ་འབྱམས་རྣམས། །གངས་ཅན་ཁྲོད་དུ་ལེགས་པར་གསལ་མཛད་པ། །སྐད་གཉིས་སྨྲ་བ་དཔལ་ལྡན་འགོས་ཀྱི་ཞབས། །བྱང་ཆུབ་སྙིང་པོའི་བར་དུ་སྦྱི་པོས་མཆོད། །གནས་ལུགས་དེ་ཉིད་དེང་གི་དུས་འདི་ན། །གསལ་མཛད་བཀའ་དྲིན་ མཚུངས་མེད་ཆོས་ཀྱི་རྗེ། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཁམས་གསུམ་ཁྱོན་ལ་དབང་བའི་བདུད་ཀྱི་དཔུང། །ཅིག་ཅར་ཟ་བྱེད་དུས་ཀྱི་སྲིན་པོའི་སྐུར། །སྟོན་མཛད་ལྷ་ཆེན་ དྲག་པོ་གདོང་བཞི་པ། །ཡུམ་བཞི་བཤན་པར་བཅས་ལ་བསྟོད་པར་བགྱི། །གདོད་ནས་རྣམ་དག་རྟེན་འབྲེལ་གནས་ལུགས་རྣམས། །གཡོ་མེད་དྷཱུ་ཏཱིའི་དབྱིངས་སུ་ལེགས་རྟོགས་ནས། །བརྒྱད་ཁྲི་བཞི་སྟོང་བདུད་ཀྱི་དཔུང་ཚོགས་རྣམས། །ཅིག་ ཅར་བཅོམ་པའི་དགའ་སྟོན་མྱུར་དུ་སྩོལ།། ཞེས་པ་འདི་ནི་ཞལ་གཟིགས་རི་ཁྲོད་པ་དཀའ་ཆེན་དམ་ཆོས་རྒྱལ་མཚན་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བྱའོ།། ༈ དཔལ་ལྡན་ [025A]༄༅། །མཆོག་ཏུ་དགེ་བའི་ཞིང་གི་ཆར། །བདེ་ཅན་མགོན་ཞེས་རྒྱལ་པ་ཀུན་གྱིས་བསྒྲགས། །ཚེ་དང་ཡེ་ཤེས་འོད་རྣམས་གཞལ་དཀའ་བ། །ལྷ་ཡི་ལྷ་མཆོག་ཚེ་དཔག་མེད་ལ་འདུད། །གངྒཱའི་ཀླུང་གི་བྱེ་སྙེད་མཐའ་ཡས་ཞིང། ། དེ་ཉིད་ཆུ་ཡི་རྡུལ་གྱི་གྲངས་ཀྱི་ཡང། །ཚད་དུ་མི་སྤོབ་བསོད་ནམས་ཡེ་ཤེས་ཀྱིས། །ཕུང་པོ་རྫོགས་སྨིན་སྦྱངས་གསུམ་ཡོངས་སུ་དག་དེ་ཕྱིར་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས། །ཚེ་མཐའ་ཡས་ཞེས་བསྔགས་ལ་བ་དག་གི་ནི། ། བསྟོད་པ་འདི་ཡིས་ཅི་ཞིག་དེ་ལྟ་ཡང། །ཅུང་ཟད་བསྟོད་ཕྱིར་བདག་ལ་བསོད་ནམས་སྩོལ། །ཐ་མལ་རྣམ་རྟོག་ཀུན་དང་རི་བྲག་ཚོགས། །ལྷན་ཅིག་དག་པའི་མེ་ལོང་ཡེ་ཤེས་ཆ། །ཞིང་དུ་ཤར་བ་ཡོན་ཏན་དཔག་མེད་ཀྱི། །དོན་དང་དེ་ ཡི་ཡོན་ཏན་འདི་ལྟར་བརྗོད། །ཀུན་རྟོག་སྣ་ཚོགས་དག་ཕྱིར་རབ་ཏུ་ཟླུམ། །ཁྲོ་བའི་སྐྱོན་ཀུན་ཟད་ཕྱིར་ས་གཞི་འཇམ། །ཏིང་འཛིན་ཕ་མཐར་ཕྱིན་ཕྱིར་རེག་ན་བདེ། །ཚུལ་ཁྲིམས་གཙང་མའི་མེ་ཏོག་ཚོགས་ཀྱིས་ཀླུབས། །སྦྱིན་ལས་བྱུང་ བའི་ཆུ་ཀླུང་དལ་གྱིས་འབབ། །བརྩོན་འགྲུས་བརྟན་པས་འདམ་སྐྱེས་དག་གིས་མཛེས། །ཤེས་རབ་མཐའ་རུ་སོན་པའི་བྱ་ཡི་ཚོགས། །སྟོང་ཉིད་སྟོན་པའི་མགྲིན་པའི་རྫ་རྔ་སྒྲོག་སྨོན་ལམ་ལས་བྱུང་དཔག་བསམ་ལྗོན་པའི་ཤིང། །བསྡུ་བཞི་ ལས་བྱུང་དགོས་འདོད་ཅིར་ཡང་སྟེར། །ཐབས་ཀྱི་ཕ་རོལ་སོན་པའི་ཐེ་གུ་ཡིས། །འབྲེལ་ལ་ཆོས་ཕུང་དྲིལ་བུ་གཡེར་ཁ་འཁྲོལ། །གནམ་སྔོན་ཞུ་བར་དོགས་པའི་ནོར་འཛིན་ཁྱོན། །ས་ཡི་ཟླ་བ་མིག་མང་རིས་བྲེས་པ། །ཀུན་གསལ་དབྱིངས་ [025B] །གཟུགས་བརྙན་རིན་ཆེན་ཐིག་ལེའི་ཚེམ་བུ་བཞིན། །གཉིས་ཀྱིས་ལྷག་པའི་བཅུ་ཕྲག་དཔག་ཚད་འཕང། །ཀུན་ཏུ་མཚུངས་ཤིང་གཡས་དང་གཡོན་གྱི་ཆར། །རྒྱང་ཕྲག་བརྒྱད་དུ་བསགས་པ་གཅིག་ནས་ནི། །འབུམ་ གྱི་བདག་ཉིད་ཉལ་འགྲོ་དལ་གྱིས་རྒོད། །ཀེ་ཀེ་བཻ་ཌཱུར་གསེར་དང་ཨནྡ་སྙིལ། །སྦུག་དང་རྡོ་ཡི་སྙིང་པོ་ལས་བྱས་པའི། །འཇུག་དོགས་ཐེམ་སྐས་བཀྲ་བའི་ལྟས་མོ་འདི། །མཐོང་ཕྱིར་དབང་པོ་མིག་སྟོང་བགྲད་དང་མཉམ། །བདེ་ཕྱིར་འཁྱིལ་བའི་ ཀློང་ལ་རབ་རྩེ་བའི། །དང་པ་ཀ་རན་ཙ་དང་དུར་པ་སོགས། །དུད་འགྲོའི་སྐད་ལྟར་བཅོས་པས་ཏིང་འཛིན་གྱི། །སྒོ་བརྒྱ་འབྱེད་འདིའི་དཔེ་རུ་སུ་ཞིག་འོས། །དཔག་ཚད་དུ་མའི་ཁྱོན་ལས་བརྒལ་བ་ཡི། །ལྗོན་ཤིང་གསེར་གྱི་སིལ་སྙན་དབྱངས་ པ་ལ། །དྲི་བཞོན་རེག་བྱས་བསམ་གཏན་བཞི་པ་ཡི། །དགའ་བ་སྐྱེངས་བྱེད་དག་གིས་དཀྲོལ་བར་བྱེད། །རྫིང་ལས་རྫིང་གི་ཡོན་ཏན་མང་འབྱུང་དང། །དེ་ལས་དེ་ཉིད་སྟོན་པའི་ཐབས་མཁས་དང། །རོལ་ལས་རོལ་པ་ཀུན་གྱི་རྩེར་སོན་པས། །འདི་ ལ་འདི་ཡིས་བསྒྲུན་ཞེས་སུ་ཞིག་འཆད། །འདབ་བརྒྱད་འདབ་མ་ལྔ་དང་འདབ་བརྒྱའི་བར། །ཉིན་བྱེད་གང་ལས་འོངས་པའི་ཕྱོགས་དེ་ལས། །དུས་བཞིར་བཀྲམས་པས་ས་ཀུན་ཁྱབ་བྱེད་པ། །ཀུན་ཏུ་བཟང་པོའི་རྫུ་འཕྲུལ་དག་ལ་འགྲན། །བར་ བར་ཆུ་སྐྱེས་འདབ་མ་མང་གྲོལ་བ། །ཁོང་ནས་འཛུམ་པའི་གེ་སར་རྒོད་པ་ནི། །རྒྱལ་སྲས་སར་གནས་དཔའ་བོ་བསྐྱེད་པ་ལ། །ཤེས་རབ་ཕ་རོལ་ཕྱིན་མའི་ངང་ཚུལ་འཛིན། །ཀུན་གསལ་ངོགས་ལ་རིན་ཆེན་ཆུ་འཛིན་ཚོགས། །བཀྲ་ [026A]༄༅། །ལས་བདུད་རྩིའི་ཆུ་རྒྱུན་འབབ་པ་དང། །ཆོས་ཀྱི་འབྲུག་སྒྲ་ཟབ་མོ་རྒོད་པ་ཡང། །དེར་གནས་བྱང་སེམས་རྣམས་ཀྱི་དགེ་བའི་བཤེས། །ཞིང་འདིའི་རླུང་གིས་རེག་པ་ཙམ་གྱིས་ཀྱང། །མི་བདེའི་གོ་སྐབས་རིང་དུ་བསྐྲད་ གྱུར་ན། །འདི་ཡི་ཡོན་ཏན་ཀུན་ལ་སྤྱོད་པ་ལ། །ཟག་མེད་བདེ་ཀུན་གཅིག་ཏུ་བསྡུས་པ་འདྲ། །དེ་ལྟར་དག་པའི་ཞིང་གི་སྣོད་བཅུད་ཀུན། །གཅིག་ཏུ་འཁྱིལ་བའི་ཡོན་ཏན་ཕུང་པོ་ཅན། །ཞིང་དེའི་མགོན་པོ་འོད་དང་ཚེ་མཐའ་ཡས། །རབ་ཏུ་ འབད་པས་བདག་གིས་བསྟོད་པར་བྱ། །རིན་ཆེན་རིན་ཐང་བྲལ་བའི་དཔག་བསམ་ཤིང། །རིན་ཆེན་ཁ་དོག་མི་འདྲ་སྣ་ཚོགས་ཅན། །རིན་ཆེན་ལོ་འདབ་ངག་གིས་སྤུད་པ་ལ། །རིན་ཆེན་འབྲས་བུ་བཟང་པོས་ཡོངས་སུ་མཛེས། །དེ་ཡི་མདུན་ ན་རབ་བཀྲའི་འདབ་མ་ཅན། །གཙུག་ཕུད་འཛིན་པ་བརྒྱད་ཀྱིས་ཉེར་བཏེག་པའི། །ནོར་བུའི་ཁྲི་མཆོག་འོད་ཟེར་འབར་བ་ནི། །པདྨོའི་གཉེན་གྱི་གཟི་བརྗིད་བྱེ་བ་འཕྲོག་ཐུན་མཚམས་མདངས་ལ་མཚལ་གྱིས་བྱུགས་པ་ཡིས། །ཆུ་སྐྱེས་ བརྒྱ་ཕྲག་འདབ་མའི་གྲངས་ལྡན་པ། །ཚ་ཟེར་ཅན་དང་བསིལ་ཟེར་བྱེད་པ་ཡི། །ལྕི་ཡང་རྙིང་པ་མེད་པའི་བཀའ་དྲིན་སྩལ། །དེ་ན་བཞུགས་པའི་སྟོན་པ་མཚུངས་མེད་དེ། །ཆོས་ཀྱི་སྐུ་ལ་སྣང་བ་མཐའ་ཡས་ཤིང། །ལོངས་སྤྱོད་རྫོགས་ སྐུ་ཚེ་མཐའ་ཡས་པར་བསྒྲགས། །སྤྲུལ་པའི་སྐུ་ནི་འོད་དཔག་མེད་དུ་ངེས། །དེ་ཀུན་ངོ་བོའི་སྒོ་ནས་རོ་གཅིག་པར། །མཉམ་མེད་ཤཱཀྱའི་རྒྱལ་པོས་ཚེ་ཡི་མདོར། །ཇི་ལྟར་གསུངས་པ་དེ་བཞིན་ཚེ་དཔག་མེད། །བསྟོད་པར་གྱུར་ན་མཆོག་ཏུ་ [026B] །ཁྱོད་སྐུ་འོད་ཟེར་བྱེ་བ་བརྒྱ་ཕྲག་གིས། །གྲངས་མེད་ཞིང་མཆོག་མ་ལུས་འགེངས་མཛད་པ། །འོད་ཟེར་རེ་རེར་ཁྱོད་ཀྱི་སྤྲུལ་པ་རེས། །ཞིང་ཁམས་མ་ལུས་བདག་ཏུ་བཟུང་བ་ལགས། །མཐོན་མཐིང་ཁུག་པ་ལྔ་རུ་བཅིངས་པ་ཡིས།། གསེར་གྱི་མཁྱུང་མོ་ནོར་བུའི་ཕྲ་ཅན་གྱི། །གཟི་བརྗིད་བཟོད་པའི་གོ་སྐབས་དང་བྲལ་བས། །ཞིང་འདིར་ཉི་མའི་བགྲོང་པ་ཀུན་ཏུ་སྤངས། །ནམ་མཁའི་མཐའ་འདི་གཞལ་བར་མི་ནུས་ཞེས། །སྨྲ་བའི་ལྕེ་དེ་གྱི་ནའི་ངང་ཚུལ་ཅན། །མིན་ན་མགོན་པོ་ ཁྱོད་ཀྱི་གཙུག་ཏོར་མཐས། །ཀུན་འཁོར་ངལ་བར་བྱས་འདི་རྒྱུ་གང་ཞིག་མྱུ་ཁྱུད་རྩིབས་དང་བཅས་དང་གཅོད་བྱེད་དང། །རུས་སྤལ་དབྱིབས་ཅན་ཀུན་ཏུ་འབྲེལ་གྱུར་པ། །བསོད་ནམས་གྲངས་མེད་ཟོང་གིས་བསྒྲུབ་ཅེས་པ། །དྲང་དོན་ལས་ བརྒལ་བདེན་པའི་ཚིག་གི་བདག་ལུང་བསྟན་སྦྱིན་པར་བྱ་བའི་སར་གནས་ཀྱི། །དཔའ་བོའི་མགོ་ལ་ཉུག་པར་མཛད་པ་དང། །གང་དུ་བྲིས་པའི་ས་ཀུན་བཀྲ་ཤིས་པ། །འདི་ཡི་རེག་བྱའི་དཔེ་ནི་ནམ་མཁའི་རྩ། །སྐུ་ཡི་མདུན་ཕྱོགས་མངོན་པར་ མཐོ་བ་དང། །ཕྱག་སོར་རིང་བ་འོད་ཟེར་དྲ་བ་ཅན། །གཏིང་ཡངས་སྐུ་ཆེ་གང་བའི་དཀྱིལ་འཁོར་ནི། །རྒྱལ་བ་མ་ལུས་གཅིག་ཏུ་བསྡུས་པ་བཞིན། །ཞབས་ལ་སོགས་པའི་ལོང་བུའི་ཚིགས་འབུར་རྣམས། །མི་མངོན་སྦས་པའི་མངོན་རྟོགས་རིམ་ པ་དང། །སྐུ་ཡི་བ་སྤུ་རེ་རེ་གྱེན་ཕྱོགས་སུ། །གནས་པས་ཐར་ལམ་ཅི་བདེར་སྟོན་པར་མཛད། །ཨེ་ན་ཡ་ལྟར་བགས་ཀྱིས་ཞོལ་བའི་བྱིན། །གཉིས་འཐུང་སྣ་ཞགས་ལྟ་བུར་མཛེས་པའི་ཕྱག་མི་མངོན་སྦས་པའི་ཚུལ་གྱི་བརྟུལ་ཞུགས་ཅན། ། [027A]༄༅། །འདི་དག་ཤེར་ཕྱིན་སླད་དུ་བསྟན་པ་ལགས། །གསེར་འོད་ལྟ་བུར་སྣང་ཡང་གསེར་གྱི་འོད། །ལྕགས་ཀྱི་ཁམས་དང་མཚུངས་བྱེད་མཚལ་ཞུན་ཅན། །སྣུམ་ཞིང་གཡས་སུ་འཁྱིལ་བའི་ཐིག་ལེ་བཀྲ། །ལྷ་བརྒྱའི་གཙུག་ རྒྱན་ཁེངས་པ་ཅིག་ཅར་འཕྲོག་ཁྱོད་ཁྲུའི་བདག་ཉིད་སྨིན་མཚམས་ཚོམ་བུ་དཀར། །བདུད་རྩིའི་ཆུ་རྒྱུན་མང་པོ་འཛག་པ་དང། །རོ་སྟོད་སེངྒེ་ལྟ་བུར་འགྱིངས་པའི་དཔལ། །བརྗོད་པར་མི་སྤོབ་ཐུབ་པའི་ཆིག་གིས་བརྗོད། །དཔུང་ མགོ་ཟླུམ་ཞིང་ཐལ་གོང་རྒྱས་པ་དང། །བསྐ་བའི་རོ་ཡང་བདུད་རྩིའི་རོ་ལྟར་དང། །ནྱ་གྲོ་ཏ་ལྟར་མཆུ་ཞེང་གབ་པའི་སྐུ། །འོད་ཟེར་དབང་བསྐུར་ཐོབ་པའང་ཞུམ་པར་བྱེད། །སྟོང་གསུམ་བླ་རེར་བྲེས་པའི་ལྗགས་ཀྱི་ཁྱོན། །ཚངས་པ་གདོང་ལྔ་པ་ ཡི་སྒྲ་དང་བཅས། །སེངྒེ་ལྟ་བུའི་འགྲམ་པ་གཟི་བརྗིད་ཅན། །བདུད་ཀྱི་དཀྱིལ་འཁོར་གཞོམ་སླད་བསྟན་པ་བཞིན། །རབ་དཀར་ཐགས་བཟང་འཛུམ་པའི་འོད་ཟེར་ཅན། །བཞི་བཅུའི་གྲངས་ལྡན་སྤྱན་ནི་ཨུཏྤལ་མདངས། །བ་མཆོག་འདྲ་བའི་ རྫི་མའི་རྒྱན་གྱིས་སྤྲས། །ཁྱོད་ཀྱི་སྙིང་རྗེ་ཆེན་པོ་མཚོན་པ་བཞིན། །དེ་ཉིད་དཔེ་ཡི་མཚོན་བྱེད་བྱད་བརྒྱད་ཅུ། །གཉིས་ལྷག་སུམ་ཅུས་སྤྲས་པ་རེ་རེས་ཀྱང། །བརླན་གཤེར་ཚ་རེག་སྟོབས་ལྡན་གྱིས་ཁྱབ་པའི། །བཅོ་བརྒྱད་གནས་སོགས་རུས་ སྦལ་སྤུ་ཡི་འཆིང། །ཁྱོད་སྐུའི་ཟེར་དང་བདུད་རྩི་ཕྱོགས་གཅིག་པ། །དེ་ཡི་ཐིགས་པ་རེ་ཙམ་འཐུང་བས་ཀྱང། །ཉི་མའི་བུ་ཡི་ལྡང་བྱེད་དབྱུག་པར་བཅས། །གཅོག་ཀྱང་རྣམ་པ་ཀུན་ཏུ་ཁྲོ་དང་བྲལ། །ངེས་པར་འཆི་དང་ནམ་འཆི་ངེས་མེད་ [027B] ༑གསུང་དེའང་མགོན་ཁྱོད་བྱིན་རླབས་ཐོབ་དེ་ལ། །དྲང་བའི་དོན་དུ་ངེས་པར་འགྱུར་བ་སྟེ། །འཆི་བ་མེད་ཅེས་གསུངས་པ་བདེན་པའི་ཚིག་སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་པ་དང། །སར་གནས་ཉན་རང་གྲངས་མེད་དགེ་འདུན་རྣམས།། ཉེ་བའི་སྲས་བརྒྱད་བཅས་པར་བསྟོད་ལགས་ཀྱི། །བསྟོད་པའི་འབྲས་བུ་ངེས་པར་བདག་གིར་སྩོལ། །ཁྱོད་ཀྱི་ཡོན་ཏན་ཚད་འདི་ཕྱོགས་བཅུ་ཡི། །རྒྱལ་བ་ཀུན་གྱིས་བརྗོད་ཀྱང་ཟད་མིན་པ། །དེས་ན་བདག་གིས་བརྗོད་པའི་ཆ་ཤས་ཀྱང། ། དཔོག་པར་མིན་ན་དེ་ཙམ་ཞིག་དུ་བས། །དེ་སླད་མགོན་ཁྱོད་ཐུགས་རྗེས་ཉེར་དགོངས་ལ། །ཉམ་ཆུང་བདག་དང་འདྲ་བའི་འགྲོ་བ་ཀུན། །རབ་ཏུ་བསྐྱབས་ཏེ་ཇི་ལྟར་སྨོན་པའི་དོན། །བདེ་བླག་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ངོ་བོ། དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་བསྡུ་བའི་གཞི་གཅིག་པོ། ཐུབ་དབང་རྡོ་རྗེ་འཆང་བློ་བཟང་ཚེ་དཔག་མེད། ཤིན་ཏུ་རྣམ་པར་དེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་ལྷ་ཚོགས་འཁོར་དང་བཅས་པ་བདག་ལ་དགོངས་སུ་ གསོལ། བདག་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་བགྱི་བས་རང་ཉམས་ལ་དཔགས་ཏེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱས་པ་དང། ཏིང་ངེ་འཛིན་ལ་རྣམ་པར་བསླབ་པ་དང། ཤེས་རབ་ལ་འབད་པ་བཏོན་པའི་དགེ་བའི་རྩ་བ་ དང། བདེན་པའི་མཐུ་ལ་བརྟེན་ནས་བསྟོད་པའི་རྒྱལ་པོ་འདི་གང་གིས་འདོན་པར་བྱེད་པའི་གང་ཟག་དེ་རྣམས་ཀྱི་འདོད་ཆགས་ཀྱི་ཆུ་བོ་རབ་ཏུ་བསྐམ་པར་གྱུར་ཅིག་ཞེ་སྡང་གི་མ་རབ་ཏུ་ཞི་བར་གྱུར་ཅིག་གཏི་མུག་གི་མུན་པ་ཀུན་ཏུ་སངས་པར་གྱུར་ [028A]༄༅། །ཅིག་རྩ་བ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག་ལས་ཀྱི་ཆུ་པོ་མི་འབབ་པར་གྱུར་ཅིག་སྡུག་བསྔལ་གྱི་རྒྱ་མཚོ་མི་འཁྱིལ་བར་གྱུར་ཅིག་སྲེད་པ་ཐམས་ཅད་ཡོངས་སུ་ཟད་པར་གྱུར་ཅིག་ སྲིད་པ་ཕྱིས་མི་འབྱུང་བར་གྱུར་ཅིག་སྐྱེ་རྒ་ན་འཆིའི་རྒྱུན་ཆད་པར་གྱུར་ཅིག་ས་བཅུ་དང་ལམ་ལྔའི་རྟོགས་པ་ཐམས་ཅད་རིང་པོར་མི་ཐོགས་པ་མངོན་དུ་བྱེད་པར་གྱུར་ཅིག་རིམ་པ་གཉིས་ཀྱི་རྟོགས་པ་ཚེ་འདི་ཉིད་ལ་མངོན་དུ་བྱེད་པར་གྱུར་ ཅིག་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་དགྱེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག་མི་མཉེས་པ་སྐད་ཅིག་ཀྱང་མི་སྒྲུབས་པར་གྱུར་ཅིག་གཞན་ཡང་བསྟོད་པའི་རྒྱལ་པོ་འདི་འདོན་པར་བྱེད་པའི་གང་ཟག་དེའི་ལུས་ལ། རླུང་ མཁྲིས་བད་ཀན་གྱི་ནད་མི་འབྱུང་བར་གྱུར་ཅིག་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་གདོན་རྣམས་ཀྱིས་གླགས་མི་རྙེད་པར་གྱུར་ཅིག་སོ་སོར་ཐར་པའི་ཚུལ་ཁྲིམས་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་ངོ་ ཡོངས་སུ་དག་པར་གྱུར་ཅིག་རྒྱལ་པོ་དང་བློན་པོ་དང་དམག་མི་དང་བྲམ་ཟེ་ལ་སོགས་པ་རྣམས་ཀྱང་བདེ་བ་དང་ལྡན་པར་གྱུར་ཅིག་བསྟོད་པ་འདི་གང་དུ་འདོན་པར་བྱ་བའི་ཡུལ་ཕྱོགས་དེར་དུད་འགྲོ་རྣམས་ཀྱང་བདེ་བ་དང་ལྡན་པར་གྱུར་ ཅིག་ཡུལ་ཕྱོགས་རྣམས་ལོ་ལེགས་ཤིང་སྐྱེ་བོ་རྣམས་རྟག་ཏུ་སྐྱིད་པར་གྱུར་ཅིག་བསྟོད་པ་འདི་གང་གིས་འདོན་པར་བྱ་བའི་སྐྱེ་བོ་དེས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་མཐོང་བར་གྱུར་ཅིག་མཐོང་ནས་ཀྱང་དབུགས་དབྱུང་ [028B]གཞན་ཡང་ཚེ་མདོ་ལས་གསུངས་པའི་ཕན་ཡོན་ཐམས་ཅད་ཐོབ་པར་གྱུར་ཅིག་གནས་སྐབས་སུ་བསམ་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག། ཅེས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ མེད་ལ་བསྟོད་པ་འཆི་བ་མེད་པའི་རྒྱལ་པོ་ཞེས་བྱ་བ་འདི་ནི་ཉེ་འཁོར་བ་ཡེ་ཤེས་བསྟན་འཛིན་གྱིས་བསྐུལ་བ་ལྟར་་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། མངྒ་ལཾ།།